སློབ་སྤྲུལ་ཚེ་རིང་དབང་འདུས།
རྩོམ་པ་པོའི་ངོ་དེབ་དྲྭ་བ་ནས་བཤུས།
སྙིང་རྗེ་ནི་ནང་པ་ཙམ་མ་ཟད་ཆོས་ལུགས་ཀུན་གྱིས་ཁས་ལེན་ཞིང་། དེ་ལ་འགྲེལ་བཤད་ཡིད་ཚིམ་པ་སྣ་ཚོགས་ཞིག སྤྱི་ཚོགས་སྡིངས་ཆའི་སྟེང་ནས་མཁས་བླུན་སུ་ཡིན་ནའང་ཁ་རུ་འཇགས་ཤིང་། དགོངས་པ་འདྲ་མིན་བཀྲལ་དང་འགྲེལ་བཞིན་ཡོད། མ་གཞི་དེ་འདྲའི་སྙིང་རྗེ་དེ་ལ་བརྟེན་ནས་ང་ཚོ་འགྲོ་བ་མི་དང་། དུད་འགྲོ་སུ་ཞིག་ཡིན་རུང་། སྙིང་རྗེའི་འོད་མདངས་བཀྱེས་ན། ཡོད་ཚད་འཛུམ་གྱིས་བསུས་ཤིང་འཁོར་དུ་འདུ་ཐུབ།
ད་དུང་དེ་ལས་ཆེས་ཡ་མཚན་པ་ཞིག་ལ། སྙིང་རྗེ་དེ་ཐུགས་རྒྱུད་ལ་གཏམས་པའི་གང་ཟག་ཞིག་ལ་མཚོན་ན། མ་བོས་ནའང་ངང་གིས་རང་ལ་ཤ་ཚ་བའི་བུ་སྤུན་དང་འདྲ་བའི་བརྩེ་སེམས་དྲག་ཏུ་འཕྱུར་ནས། “ཁྱོད་བདེའམ། སྐྱིད་དམ། ཅི་འདྲ་ཡོད།” སྙམ་པའི་སེམས་ཚོར་གཡོ་བ་མེད་པ་སྙིང་དབུས་སུ་བཅངས་ཤིང་། ཁྱེད་ལ་བྱམས་པའི་འཛུམ་དང་། བརྩེ་བའི་ཞལ་རས་ཀྱི་འོད་སྟོང་དཀར་པོ་འགྱེད་ཀྱིན། རང་གཞན་ཀུན་གྱི་འཚོ་བ་ལ་དགའ་སྐྱིད་ཀྱི་འོད་སྣང་སྦྱིན་ཐུབ། དེ་ནི་གཞན་གང་ཡང་མིན་ཏེ། གཞན་ཡང་བདག་འདྲར་བསམས་ནས། བདེ་སྡུག་བརྗེ་ལེན་བྱ་རྒྱུའི་ཉམས་ལེན་ལ་བློ་ཁ་བསྒྱུར་བའི་འབྲས་རྟགས་ཡིན་པ་གདོན་མི་ཟའོ།
དེ་བས་ན། སྔོན་དུས་གཤེགས་ཟིན་པའི་སྟོན་པ་བླ་མེད་མཉམ་མེད་ཐུབ་པའི་དབང་པོ་མཆོག་དང་། དེའི་གདུང་འཛིན་པའི་རྒྱལ་ཚབ་རྒྱན་དྲུག་མཆོག་གཉིས་གཙོས་པའི་སེམས་དཔའ་ཆེན་པོ་མང་པོ་ཞིག འདི་ལ་དོན་ཆེར་བཟུང་ནས་བསྟོད་བསྔགས་དང་། རྗེས་འཇུག་རིགས་ཅན་རྣམས་ཀྱང་ལམ་དེ་ལ་འཇུག་དགོས་པའི་སྐུལ་མ་ཡང་གནང་ཡོད་པ་ནི། དཔེ་ཆ་བ་ཞིག་དང་། ཉམས་ལེན་པ། ནང་ཆོས་ལ་མཁྱེན་རྟོགས་ཡོད་མཁན་ཞིག་གི་སྣང་ངོ་ལ། སྐད་ཆ་འདི་ཚོ་གསར་པ་ཞིག་ཅི་ཡང་མིན། ཡོད་ཚད་སྔོན་ནས་གསན་ཟིན་པ་ཤ་སྟག་རེད། དེས་ན་ཁོ་བོས་སྟོན་པ་བཅོམ་ལྡན་འདས་དང་རྗེས་འཇུག་མཁས་པ་ཚོས་གསུངས་པའི། ལུང་ཚད་མ་བང་བསྒྲིགས་ནས་ཡིག་ཐུང་འདི་དང་ལྷན་དུ་སྦྱར་ཏེ་བསྒྲིགས་ན་ཆོག་པ་འདུག་སྟེ། ལུང་ཚད་མ་ཁ་ནས་བགྲང་རྒྱུ་ཙམ་མ་གཏོགས། ནང་དོན་བསམས་ནས་ཐུགས་གཙིགས་གནང་མཁན་དཀོན་པོ་ཡིན་ལས་ཆེ་སྙམ་པས་འདིར་ངལ་བ་མ་བྱས་སོ།
དེ་འདྲའི་སྙིང་རྗེ་དེ་ཡང་། ཕ་མ་དང་། བུ་ཕྲུག སེམས་ཅན་དང་མིའི་དབར། ཁྱོ་ཤུག རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཆམ་མཐུན་དང་། རྡོག་རྩ་ཆིག་སྒྲིལ་ལ་ངེས་པར་དུ་མཁོ་བའི་ལག་ཆ་ཞིག་ཡིན་པ། འགྲོ་བ་མི་ཡི་ཀླད་པའི་ནང་གལ་འགངས་ཆེན་པོ་ཡིན་པའི་ར་སྤྲོད་བྱས་ཡོད། སློབ་གསོ་དེའི་ཤུགས་རྐྱེན་ལས་མང་པོ་ཞིག་སེམས་ཅན་དང་སེམས་ཅན་དབར་ལ་བརྙས་སྨོད། མཐོང་ཆུང་། རྡོག་བརྫིས་གཏོང་བ་ལ་སེམས་ཀྱིས་མ་བཟོད་ནས། དེ་ལས་གཟུར་ཨེ་ཐུབ་བྱས་ཏེ་ཁ་ཕྱོགས་གཞན་ཞིག་གི་རྗེས་སུ་བསྙེགས་པའང་མིག་མཐོང་ལག་ཟིན་ཡིན་པས་ན། འགྲེལ་བརྗོད་མང་པོ་མི་དགོས་པར་སེམས།
བག་ཆགས་དང་། ཤུགས་རྐྱེན་བཟང་པོ། མིག་ལམ་ཡར་སྟོན་གྱི་ལམ་དེ་འདྲར། སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་ང་ཚོ་ལ་གནང་བའི་ལེགས་སྐྱེས་གཞལ་དུ་མེད་པ་གཅིག་ཡིན་ཙང་། ང་ཚོ་ཡང་ལམ་དེར་འཇུག་ཅིང་ལེགས་ཉེས་ཤན་འབྱེད་ཐོག་ནས། འགྲེལ་བརྗོད་རབ་དང་རིམ་པ་བྱས་པའི་མཐུ་ལས། འབྲས་བུའང་གང་འཚམས་སོན་ཡོད་པ་ནི། དེ་བས་དགའ་མགུ་ཡི་རང་སྐྱེ་བའི་ཡུལ་འབའ་ཞིག་གོ།
ཡིན་ནའང་ང་ཚོའི་སྤྱི་ཚོགས་སུ་དུས་རྒྱུན་ཞལ་ནས་བསྐྱར་དང་བསྐྱར་དུ་གླེང་བཞིན་པ་ལྟར། ཆོས་དྲེད་ཤོར་བའམ། ཡོད་ཚད་སྲིད་ཞི་མཉམ་ཉིད་དུ་གཟིགས་པའི་མཁྱེན་ཆ་མ་འབད་ཀློང་དུ་རྡོལ་བའི་ཤུགས་རྐྱེན་ལས་ཡིན་སྲིད། ཞལ་གྱི་མཆི་མ་ལྟར་རྒྱུན་དུ་། “སྙིང་རྗེ།” “ཨ་ཙི།” “ཤ་ཚ་”ཞེས་པ་འཛད་མེད་སྐྱོར་རུང་། མཐའ་དོན་སྙིང་རྗེ་ཡུལ་འདི་སྨྲ་བའི་སྒོ་མོ་རུ་སླེབ་ཚེ། མ་ཎི་རྡོག་པོ་གཅིག་སྐྱོར་གིན་ཞལ་རས་སྣུམ་ཞག་འཁྱིལ་ལེར་སྡེར་མའི་ནང་དུ་བཤམས་པ་ནི། ཅི་འདྲའི་ཁྱད་མཚར་བ་ལ་ཨང་།
ད་དུང་དེ་ཙམ་ཡིན་ན་འགྲིག དགག་པ་མི་བྱེད། རང་དབང་རེད། གཞན་གྱི་ཐོབ་ཐང་ལ་ཁོ་བོས་འགྲིག་མིན་གླེང་ན། འོས་འབབ་ཀྱི་གནས་མ་ཡིན་རུང་། རང་ལ་ཡང་དེ་བཞིན་སྨྲ་བརྗོད་རང་དབང་ཡོད་པ་གསལ་པོ་རེད། འོ་ཡ། ཡིན་རུང་། འགའ་ཞིག གཞན་གྱིས་བསད་པ་དང་། ཆུ་ལ་བསྐྱུར། མེ་ཡིས་ཚིག་ཏུ་བཅུག་ན། “ཨ་ཙི། སེམས་སྐྱོ་བ་ལ། དེ་རིང་སེམས་ཅན་ཞིག་བསད་སོང་། ལས་ངན། སྡིག་ཅན།” ཞེས་བསྟིང་ཚིག་གྲངས་ལས་འདས་པ་བརྗོད་ཅིང་སྨོད་པ་ནི། ཅི་འདྲའི་ཡ་མཚན་ཆེ་བ་ལ། འོ་རེད། མ་གཞི་ངས་འདི་འབྲི་བཞིན་པའི་སྐབས། གློ་བུར་དུ་རྫ་དཔལ་སྤྲུལ་ཚང་གི་རྣམ་ཐར་ཞིག་དྲན་སོང་། དེ་གང་ཡིན་ཞུས་ན། ཁོང་གིས་ཤི་ཟིན་པའི་རོ་ལ་འཕོ་བ་འདེབས་བཞིན་ཡོད་དུས། ནང་མི་དེས། “ཤི་པོ་ཁྱོད་ལས་ངན་ཡིན། རྣམ་ཤེས་གང་སར་འཁྱམས་ཡོད་ས་རེད།” ཅེས་གླེང་བཞིན་ཡོད་རུང་། དཔལ་སྤྲུལ་ཚང་མངོན་ཤེས་ལ་མངའ་བརྙེས་ཙང་ཡོད་ཚད་མ་འདྲེས་པར་གཟིགས་དུས། ཞལ་ནས། “འདི་ལྟར་འཁོར་བ་མི་མཐོང་དགུ་མཐོང་། མཐོང་གིན་འདུག” ཅེས་གསུངས་པ་དང་གཅིག་མཚུངས་སུ་གྱུར།
ལུས་སེམས་གཉིས་ཀྱི་དཔྱང་ཐག་འདི་མ་ཆད་ཅིང་། ཡ་བྲལ་དུ་མ་ཆགས་ཀྱི་རིང་། མི་མཐོང་དགུ་མཐོང་མཐོང་རྒྱུ་ཡིན་པ་གསལ་པོ་རེད། མ་ཟད་རྣམ་ཤེས་ཁེར་བུ་འདི་ཨ་ཁུའི་མགྲོན་དུ་མ་བསུས་པ། དེ་སྲིད་དུ་ལྟད་མོ་མི་མཐོང་དགུ་མཐོང་རང་རེད། དེ་བས་མེ་ཡིས་ཚིག་པའི་སེམས་ཅན་མཐོང་ན་སྙིང་རྗེ་སྐྱེ་ཆོག་ལ། བསད་པའི་ཤ་ཁ་རུ་བཟའ་ཚེ་ཞིམ་ཞིམ་ངང་ནས་ཐུགས་སྤྲོ་གཏོང་བ་དེའང་ཅི་འདྲ་ཡིན་ནམ། དྲི་བ་ཞིག་རེད། མ་གཞི་ཁོ་བོས་བྲིས་པའི་ཡིག་ཐུང་འདི་ཡང་། རོགས་པས་ངའི་འགྲམ་དུ་སྐད་ཆ་འདི་འདྲ་ཞིག་བཤད་པའི་རྗེས་སུ་ངའི་ཀུན་རྟོག་གིས་སྣེ་དྲངས་ཏེ་ཡིག་འབྲུའི་ལྷས་མ་བསླས་ཏེ། རྣམ་པ་ཚོའི་སྤྱན་ལམ་དུ་གཟིགས་འབུལ་ཞུས་པ་མ་གཏོགས། གང་བྱུང་མང་བྱུང་ཞིག་ཅི་ནས་ཀྱང་མ་ཡིན་ལགས།
འོ་དེ་ཡང་། གནད་དོན་འདི་འདྲ་ཞིག་ལས་འཕྲོས་པ་རེད། ངེད་ཁ་ཤས་ཁ་ལག་བཟའ་རྒྱུའི་ཆེད་གྲྭ་ཤག་ནས་ཐབ་ཚང་གི་ཕྱོགས་སུ་གོམ་ཁ་བསྒྱུར་དུས། ང་ཚོ་བསྡད་སའི་ཁང་པའི་རྒྱབ་དེར་ཞིང་ཁ་ཞིག་ཡོད། དེ་ལ་དམིགས་བསལ་ལོ་ཏོག་ཡང་མ་བཏབ་ནས། ལོ་གཅིག་སྟོང་རྐྱང་བཞག་པ་རེད་ལབ་ནའང་མ་འགྲིག་པ་མེད། ཉིན་དེར་དེའི་འཁྲིས་སུ་ཕོ་གསར་གཅིག་བསླེབས་ནས་གཡས་གཡོན་དུ་ཡོད་པའི་མེ་ཏོག་དང་། སྔོ་གཞན་མང་པོ་སྐྱེས་ཡོད་པའི་རྩ་དང་། ཤོག་ཧྲུལ་དག་མེ་སྦར་ནས་མེ་ལྕེ་ལྷབ་ལྷབ་ངང་མེ་འབར་བཞིན་འདུག
སྐབས་དེར་གྲོགས་པོས་བཤད་དོན། “སྙིང་རྗེ། དེ་རིང་མེ་དེའི་རྐྱེན་པས་ས་ལ་ཡོད་པའི་སྲོག་ཆགས་མང་པོ་ཞིག་ཤི་སོང་། ཡ་ང་། སྙིང་རྗེ།” ཟེར་ནས་ང་ཚོའི་རྣ་བ་ཐོས་སར་གླེང་བཞིན་མཆིས། འོན་ཀྱང་རོགས་པ་ཚོས། “སྙིང་རྗེ་རྒྱུ་ཅི་ཡོད། ཞིང་པ་ཁོ་རང་ཚོའི་འཚོ་བ་རེད། གང་ཡིན་ཞེ་ན། ཞིང་ལ་ཡོད་པའི་སྔོ་གཞན་རྣམས་མེ་ལ་བསྲེགས་ན་ལོ་ཏོག་སྐྱེ་བ་ལ་དགེ་འབྲས་རླབས་ཆེན་ཡོད།” ཅེས་ཁོང་གི་གསུང་ལ་ལན་བཏབ། སླར་ཡང་ཁོང་གིས། “འདི་ད་ཁོ་ཚོའི་མ་རེད། དགོན་པའི་རེད། ཁོ་ཚོ་སྣང་བ་གང་སྐྱིད་བྱེད་པ་རེད། གང་ལྟར་སེམས་ཅན་མང་པོ་ཤི་སོང་།” ཞེས་བསྐྱར་དུ་གསུངས་སོང་།
མཚམས་དེར་གུས་པས་ཀྱང་། ཁྱེད་དེ་འདྲ་སྙིང་རྗེ་གནང་དགོས་མ་རེད། གལ་ཏེ་དེ་འདྲ་སྙིང་རྗེ་ཡོད་ན་སོ་སོའི་ཕོར་བའི་ནང་དུ་ཡོད་པའི་ཉམ་ཆུང་དུད་འགྲོ་བསད་པའི་ཤ་བརྔོས་མ་དེ་དང་། སྣུམ་ལ་བསྲེགས་པའི་ཤ་ཡི་སྤགས་མ་དེ་ལ་ཐེངས་ཤིག་མནོ་བསམས་བཞེས་ཏེ་སྙིང་རྗེ་སྒོམས་དང་། དེ་ནས་གཞན་ལ་ཡང་དེ་འདྲ་བསྒོམ་ན་འོས་ཤིང་འཚམས་པ་ཡིན་སྐོར་གླེང་གིན་ཐབ་ཚང་གི་ཕྱོགས་སུ་ཁ་ལག་བཟའ་བར་ཕྱིན།
འོ་དེ་དང་དེ་འདྲ་གཏམ་ཐུང་མང་དུ་མཆིས་རུང་། རེ་ཞིག་རང་སར་བཞག་ན་ལེགས་པར་སེམས། གང་ལྟར་ང་ཚོའི་སྤྱི་ཚོགས་དེ་ཕྱོགས་གཅིག་ནས། “མ་ནམ་མཁའ་དང་མཉམ་པའི་སེམས་ཅན་”ཞེས་ཚད་མེད་པའི་དམིགས་ཡུལ་བསྐྱེད་དེ། ལྗིད་ཆེ་བའི་ཁུར་པོ་ཞིག་ལྟག་རྒྱབ་བཀལ་ནས་འགྲོ་མཁན་གྱི་ཐེག་ཆེན་པ་ཞིག་ཡིན་པས་ན། གུ་ཡངས་དང་། བག་མེད། དོགས་མེད། རྩིས་མེད་ཀྱི་འདུ་ཤེས་དེ་རྒྱ་ཆེ་དྲགས་དུས། ཡོད་ཚད་བཏང་སྙོམས་ཆེན་པོའི་ངང་ལ་གནས་པའང་ཡིན་སྲིད། གང་ལྟར་ཁ་འགྲམ་དུ་མ་བསླེབ་བར། སྙིང་རྗེ། བྱམས་པ། བརྩེ་བ་གླེང་རུང་། ཉ་མོ་རོ་ལ་ཆགས་ནས་ལྕགས་ཀྱུར་ཚུད་པ་ལྟར། ཤའི་རོ་ལ་སྲེད་ནས་དེ་ཚོ་མཐའ་དག་བརྗེད་འགྲོ་བ་ཡང་མང་པོ་ཡོད་པས་སོ།
ཡང་ད་དུང་ཧ་ལས་པ་ཞིག་ལ། རང་གི་ལྕེ་ཡི་བྲོ་བ་དང་། སོ་སོའི་དགའ་ཕྱོགས་ཡིན་པར་བཤད་ན་འགྲིག་པ་མ་ཟད། རྣ་བ་ལའང་ཆེས་སྙན་པོ་ཞིག་ཏུ་སེམས། འོན་ཀྱང་དེ་ལས་ལྡོག་སྟེ། “ང་ཚོས་མ་ཟ་ན་ཁོ་ཚོ་ལ་བསྔོ་བ་སྨོན་ལམ་སུས་བྱེད། ཐར་པའི་ལམ་སྣ་ག་དུས་ཟིན། ང་ཚོའི་ཁ་ནང་དུ་བསླེབས་ཚེ། ཆོས་ཀྱི་བག་ཆགས་ཞིག་ངེས་པར་དུ་འཇོག་ཐུབ།" ཅེས་པའི་གཏམ་ཁྱད་མཚར་དེ་འདྲ་གླེང་མཁན་ཡང་མང་ཙམ་མཆིས་པ་ནི། ཨ་མཚར་ནང་གི་ཡང་མཚར་རོ།
སྟོན་པ་ཐུབ་པའི་དབང་པོས་ང་ཚོ་ལ་གདམས་པའི་མན་ངག་སྙིང་དོན་ལྟར། ང་ཚོ་དེའི་ཕྱོགས་སུ་གོམ་པ་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་ན། བདག་ཉིད་བདག་གི་མགོན་དུ་གསུངས་པ་མ་ཚད། ཁོང་གི་ཕྱག་གིས་ཡར་འདྲེན་རྒྱུ་དང་། མར་འཐེན་རྒྱུ་མེད་པར་སོ་སོས་ལམ་ལ་གཞོལ་ནས་འབྲས་བུའི་ས་ལ་བསྙེག་དགོས་པའང་གསུངས་ཡོད་པ་ང་ཚོས་ལོས་མཁྱེན། ད་དུང་སྤྱན་རས་གཟིགས་ཀྱི་ཡར་འདྲེན་རྒྱུ་ཡོད་པར་བསམས་ནས། ཁོང་གིས་བློས་ཡལ་བར་མི་དོར་ཅེས། ཞལ་ལས་སྐད་གསང་མཐོན་པོས་ཀུ་ཅོ་གྱེར་མཁན་ཡང་། སྤང་ལས་ཤ་མོ་བརྡོལ་བ་ལྟར་དུ་ཟད།
གང་ལྟར་ཁོ་བོས་གང་གླེང་བ་དེ་དག རང་གི་མཐོང་ཐོས་མྱོང་གསུམ་བརྗོད་བྱར་བཟུང་སྟེ་བྲིས་པ་མ་གཏོགས། གཞན་ལ་གུས་ཞབས་མེད་པ་དང་། ཕོག་ཐུག་གཏོང་བའི་ཆེད་དུ་བྲིས་པ་ནི་དེ་བས་མིན། ཡིན་ནའང་ང་ཚོའི་སྤྱི་ཚོགས་སུ་ཁྱབ་གདལ་ཆེ་བའི་གནས་སྟངས་དེ་ཚོ། རོབ་ཙམ་ཡི་གེའི་ལམ་ནས་གླེང་ཞིང་། རྣམ་པ་ཚོའི་སྤྱན་ལམ་དུ་བཤམས་པ་ཙམ་ཡིན་པས་ན། ལེགས་ཆ་མཆིས་ན་ཐུགས་ལ་ཆོངས་དང་། ཆོ་མེད་དང་། གོ་མེད་ཚོར་མེད་ཀྱི་ཡི་གེ་རུ་བསམས་ན། བཏང་སྙོམས་ཆེན་པོའི་ངང་ལ་བློ་ལྷོད་ཀྱིས་ཞོག་ཅིག ཅིས་ཀྱང་བདེའོ།།
༢༠༢༡/༡༢/༡༢ ཉིན་ཨ་འཛོམས་དགོན་པའི་དགེ་རྒན་ལས་ཤག་ཏུ་བྲིས་སོ།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།