རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 2 January 2022

དོལ་པོ་བཙག་ཁང་དགོན་པ་བདེ་ཆེན་བླ་བྲང་ལ་བསྟོད་པ་འཇམ་དབྱངས་དགྱེས་པའི་སྙན་གདངས།

ཕྲིན་ལས་རྡོ་རྗེ། བལ་ཡུལ་དོལ་པོ།

དོལ་པོ་ཤེལ་རི་མཆོག་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཆེན་མོ།

ཐོས་ཐོས་བླ་མའི་མན་ངག་ཐོས།།
བསམ་བསམ་བླ་མའི་མན་ངག་བསམ།།
བསྒོམ་བསྒོམ་བླ་མའི་རྣལ་འབྱོར་བསྒོམས།།
དེ་གསུམ་རྫོགས་པ་ཤེལ་རི་བ།།
མཆོག་གི་སྤྲུལ་སྐུར་ཕྱག་གིས་འདུད།། 

མཁས་ཏེ་གྲུབ་རྟགས་འཐོན་ལ་མཁས།།
བཙུན་ཏེ་འདུལ་ཁྲིམས་ཚུལ་བཞིན་སྲུང་།།
བཟང་སྟེ་གདུང་བྱ་སྐྱོང་ལ་མཁས།།
དེ་གསུམ་རྫོགས་པ་ཤེལ་རི་བ།།
དཔའ་བོ་ཁྱེད་ལ་གུས་པས་འདུད།།

བཀའ་བརྒྱུད་གོང་མས་བྱིན་གྱིས་བརླབས།།
འོག་མིན་མཚུར་པུ་བླ་མར་བསྟེན།། 
དོལ་འབངས་དག་པའི་ས་ལ་བཀོད།།
རྣམ་ཐར་ཡོངས་རྫོགས་ཤེལ་རི་བ།།
ཐབས་མཁས་གཙུག་གི་ནོར་བུར་འོས།།

ལོ་ཙཱ་བཞིན་དུ་བསྒྱུར་ལ་མཁས།།
མི་ལ་བཞིན་དུ་གྲུབ་པ་མཁས།།
དྭགས་པོ་བཞིན་དུ་སྡེ་སྣོད་འཛིན།།
མར་མི་དྭགས་གསུམ་གཅིག་འདུས་པ།། 
ཤེལ་རི་མཆོག་སྤྲུལ་སྤྱི་བོར་བསྟོད།། 
དེ་ལྟར་བསྟོད་ཅིང་བསྔགས་པའི་དགེས།།
བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས།། 

ཕྱག་འཚལ་གང་གི་ཟུར་ཁ་ནས།།
སེངྒེ་ཡེ་ཤེས་གཟིགས་སྣང་ལ།།
བཙག་ཁང་དཔལ་རི་ཕོ་བྲང་དེ།།
མཆོག་སྤྲུལ་མ་བྱོན་སྔོན་དུས་ཀྱང་།།
གྲུབ་ཆེན་བརྒྱད་ཅུའི་ཕོ་བྲང་ཡིན།།
ཡི་དམ་ཕག་མོའི་དཀྱིལ་འཁོར་ཡིན།།
རང་བྱུང་ཡེ་ཤེས་བརྙེས་ས་ཡིན།།
ཕྱག་ཆེན་གནས་ལུགས་རྟོགས་ས་ཡིན།།

བཙག་ཁང་ཞེས་པའི་ཐ་སྙད་དེ།།
ལུང་པའི་མིང་ཞིག་ཡིན་ན་ཡང་།།
ཕྱིས་སུ་མིང་དེ་དགོན་སྡེ་ལ།།
ཐོགས་པར་རྣམ་ཐར་ཀུན་ཏུ་གསལ།།
དགོན་པའི་གོང་གི་རི་ངོས་ལ།།
བཙག་ས་འདོན་རྒྱུ་མང་ལགས་པས།།
བཙག་ཁང་ཞེས་པ་དགོན་པ་ལ།།
རབ་ཏུ་བཏགས་པ་བདེན་པ་ཡིན།།

རྣམ་ཐར་བལྟ་བའི་མིག་ཡོད་ན།།
གཙུག་ལག་དེའི་གཡས་གཡོན་ལ།།
མ་བཅོས་རང་བྱུང་བསམ་མི་ཁྱབ།།
ངང་གིས་གྲོལ་བའི་བྱིན་རླབས་ཡོད།།
སྒྱུ་མའི་དངོས་པོ་མང་བས་ན།།
སྒྱུ་མ་སྦྱོང་བའི་གདམས་ངག་ཡོད།།
སྒྱུ་མར་མཁས་པའི་གྲུབ་ཐོབ་རྣམས།།
སྒྱུར་མར་རོལ་རྩེད་མཛད་བཞིན་ཡོད།།

བཙག་ཁང་རྒྱབ་རི་ཕོ་བྲང་ལ།།
གྲུབ་ཆེན་བརྒྱད་ཅུའི་དངོས་སྣང་ཞིག །
གྲུབ་ཐོབ་ཆེན་པོས་གཟིགས་སྣང་བྱུང་།།
བྱུང་བ་དེ་ལ་ཕྱག་འཚལ་ལོ།།
གྲུབ་ཐོབ་གཅིག་ལ་གཅིག་འཐིམ་ཚུལ།།
སོ་སྐྱེ་བསམ་པའི་ཡུལ་ལས་འདས།། 
མཐར་ན་ཕག་མོ་ལྷ་ལྔར་གསལ།།
གསལ་བ་དེ་ལ་ཕྱག་འཚལ་ལོ།།

བྲག་ཕུག་འོག་ཏུ་ཕག་མོ་ཞེས།།
རང་བྱུང་ཆུ་འབབས་ངོ་མཚར་ཆེ།།
ཆུ་མོ་འགྲོ་བ་འདྲེན་ཞེས་པའི།།
བྱེ་བྲག་ཡིན་པ་གསལ་པོར་གསུངས།།
ཁོ་བོའི་རྨོངས་འཆར་ཙམ་བཤད་ན།།
ཆུ་དེ་མགོ་བོར་འབབས་ཙམ་གྱིས།།
ལུས་སེམས་སིམ་པའི་བདེ་བ་སྟེར།།
སྡུག་བསྔལ་བསྐྱུར་བའི་ཚོར་སྣང་ཡོང་།། 
བདེ་བ་ཆེན་པོའི་རོ་གཅིག་རྙེད།།
ངོ་མཚར་ཅན་ལ་ཕྱག་འཚལ་ལོ།།

གཡོན་དུ་གཟིགས་ཤིག་གཟིགས་པ་གང་།།
གཡས་སུ་གནས་ཆེན་རི་བོ་འབྲུག།
རྒྱབ་ནས་རྡོ་རྗེ་ཕུག་པ་ཡིས།།
ཕྱོགས་བཞི་ཀུན་ནས་སྐྱོར་ཏེ་ཡོད།།
སྟེང་ནས་དབང་པོ་བརྒྱ་བྱིན་དང་།།
འོག་ནས་ཀླུ་དབང་འཇོག་པོ་གཙུག།
བར་ནས་བཙན་པོ་མང་པོ་ཡིས།།
རྟག་ཏུ་སྲུང་ཞིང་སྐྱོབ་པར་མཛད།།

དག་སྣང་ཅན་གྱི་རིགས་ངོ་ལ།།
རྩ་བའི་བླ་མ་དེ་ན་བཞུགས།།
རྡོ་རྗེ་འཆང་ཆེན་དེ་ན་བཞུགས།།
བཀའ་བརྒྱུད་གོང་མ་དེ་ན་བཞུགས།།
ནཱོ་ར་ཆོས་དྲུག་དེ་ན་བཞུགས།།
ཕྱག་ཆེན་གནས་ལུགས་དེ་ན་སྟོན།།
ཁ་བའི་བུ་གཡུག་འཚུབས་པའི་སྐབས།།
གཏུམ་མོའི་མེ་དྲོད་དེ་ན་འབར།།

ཕྱག་ཆེན་གནས་ལུགས་རྟོགས་པ་ན།།
འོད་གསལ་ཆེན་པོ་དེ་ནས་ཤར།།
སྣང་སྲིད་དབང་དུ་གྱུར་བ་ན།།
སྣང་བ་ཐམས་ཅད་སྒྱུ་མར་སྦྱོང་།།
མདོར་ན་ཐབས་ཤེས་དབྱེར་མེད་ཀྱང་།།
དེ་ན་བཞུགས་པར་དད་སྣང་བྱེད།།

བདག་འདྲ་སྐྱེ་བོ་ཕལ་བའི་ངོར།།
རང་བྱུང་དཔྱིད་ལ་སྤྱོད་ས་ཡིན།།
ལྷ་ཤིང་ཤུག་པ་འཐུ་གནས་ཡིན།།
སངས་སྣ་སྣ་ཚོགས་འཐུ་ས་ཡིན།།
བོ་ལུའི་མེ་ཏོག་བཞད་ཙ་ན།།
སེམས་པ་ཕྱི་ལ་གཡེང་ས་ཡིན།།
ཆུ་མོ་དྭངས་གཙང་རྒྱས་ཙ་ན།།
ཁ་ལག་ངོ་གདོང་འཁྲུ་ས་ཡིན།།

གྲོགས་མེད་ཚེ་རོགས་མེད་དུས་ན།།
རི་དྭགས་ཚེ་རོགས་བརྟེན་ས་ཡིན།།
ལུས་ཁམས་ངལ་གྱིས་གདུང་ཙ་ན།།
ལུས་སེམས་ལྷོད་ལ་བབས་ས་ཡིན།།
ཆོས་སེམས་ངན་ངོན་སྐྱེ་དུས་སུ།།
བློ་སེམས་ཆོས་ལ་གཏད་ས་ཡིན།།
རང་བྱུང་གནས་ལ་བལྟས་བལྟས་ཏེ།།
རང་བྱུང་ཁྱེད་ལ་ཤིན་ཏུ་དགའ།།

མདོར་ན་དེ་ལྟར་སྨོན་པའི་དགེ་བའི་མཐུས།།
རང་བྱུང་རིགས་རྣམས་ཡུན་དུ་གནས་བྱས་ཏེ།།
སྐྱེ་བོ་ཐམས་ཅད་རང་བྱུང་བསྒོམ་གོམས་ཏེ།།
རང་བྱུང་ཡེ་ཤེས་ཆེན་པོ་བརྙེས་པར་ཤོག།

ཅེས་བོད་ཟླ་བཅུ་པའི་ཚེས་པ་བཅུ་བདུན་གྱི་ཉིན་མོར་ཐ་ཤལ་བ་འཕྲིན་རྡོར་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།

ཕྲིན་ལས་རྡོ་རྗེ། བལ་ཡུལ་དོལ་པོ་ས་ལྡང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།