སྤྱི་ཟླ་ ༠༥ ཚེས་ ༢༧ ཉིན་ནས་བཟུང་བལ་ཡུལ་གྱི་གློག་བརྙན་ཁང་ཁག་ཏུ། «ཀ་བཌྜི་བཞི་པ་»ཞེས་པའི་བརྩེ་སྒྲུང་དང་འབྲེལ་བའི་དགོད་བྲོའི་ཟློས་གར་རང་བཞིན་ཅན་གྱི་གློག་བརྙན་གསར་པ་ཞིག་སྤྱི་ཚོགས་མདུན་སར་བཤམས་སྟོན་བྱས་ཡོད་ཅིང་། གློག་བརྙན་དེ་ནི་མུ་འབྲེལ་གློག་བརྙན་ཞིག་ཡིན་པ་མ་ཟད། ད་ཐེངས་ཀྱི་གློག་བརྙན་དེ་ཉིད་འཁྲབ་ཚན་བཞི་པ་རེད་འདུག་ལ་མཐའ་མ་དེ་ཡང་རེད་འདུག གློག་བརྙན་དེ་ཉིད་བཤམས་སྟོན་བྱེད་འགོ་ཚུགས་ནས་བཟུང་བལ་ཡུལ་ནང་ཧ་ཅང་གི་གྲགས་པས་ཁྱབ་ཅིང་། ཡོང་འབབ་ལ་བསམ་ན་ཉིན་འགའ་ཤས་ནང་ཐོག་མའི་མ་རྩ་ལས་གསུམ་ལྡབ་བཞི་ལྡབ་ཀྱིས་ཡོངས་སུ་བརྒལ་བ་བྱུང་ཞིང་། བལ་ཡུལ་ནང་ད་བར་དེ་ལྟར་ཡོང་འབབ་བྱུང་མྱོང་མེད་པར་གྲགས།
སྤྱི་ཟླ་ ༠༥ ཚེས་ ༢༩ རེས་གཟའ་ཉི་མའི་ཉིན། བལ་ཡུལ་རྒྱལ་སའི་མངའ་ཁོངས་སུནྡྷཱརཱའི་ས་གནས་སུ་རྟེན་གཞི་ཆགས་པའི་སི་ཝིལ་ཚོང་ཁྲོམས་ཆེན་མོ་སྟེ། དེའི་ནང་དུ་ཀིའུ°ཨེཧྤ°ཨེཀྶ°གློག་བརྙན་ཁང་ཟེར་བ་ཞིག་ཡོད་པ་དེར། ཀ་བཌྜི་བཞི་པའི་གློག་བརྙན་འཁྲབ་སྟོན་པ་དང་དགེ་འདུན་པ་འགའ་དང་བཅས་པའི་མི་མང་རྣམས་གློག་བརྙན་དེ་ལྟ་རུ་འབྱོར་ཡོད་པ་དང་། དེ་དུས་ཚང་མས་གློག་བརྙན་བལྟས་རྗེས་གློག་བརྙན་ཁང་ནས་ཕྱིར་འཐོན་ཡོང་བའི་བར་ཁྱམས་སུ་ཡོད་པའི་ཚིག་ཇ་ཁང་གི་མདུན་འགྲམ་དུ། གློག་བརྙན་འཁྲབ་སྟོན་པ་རྣམས་དང་མི་མང་རྣམས་འཚང་ཁ་ཤིག་ཤིག་ངང་ཡོད་པ་མ་ཟད། མི་མང་རྣམས་རང་གིས་ཆེས་དགའ་མོས་ཅན་གྱི་འཁྲབ་སྟོན་པ་རྣམ་པའི་མདུན་དུ་རང་པར་ལེན་པར་སྤྲོ་ཞིང་འཚང་བའི་ངང་ཡོད་པ་དང་། སྐབས་དེར་དགེ་འདུན་པ་འགའ་ཤས་ཤིག་ཀྱང་མི་མང་རྣམས་དང་གཅིག་མཚུངས་སུ་འཚང་གནས་དེར་འཛུལ་ཞུགས་ཀྱིས། གློག་བརྙན་དེའི་འཁྲབ་སྟོན་མ་གཙོ་བོ་མི་རུ་ནཱ°མ་གར°གྱི་འགྲམ་ལོགས་སུ་ཅེར་ཏེ་རང་པར་ལེན་པ་སོགས་བྱེད་པའི་བར་སྐབས་སུ། ཡུན་རིང་མ་འགོར་བར་འཁྲབ་སྟོན་མ་དེས་རང་གི་གཡས་ཟུར་གྱི་རྒྱབ་ལོགས་ན་ཁ་ཕྱིར་ཕྱོགས་མ་ཐག དེར་ཡོད་པའི་ཕུར་པ་རྟ་མང་ཞེས་པའི་དགེ་འདུན་པ་ཞིག་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་པ་མ་ཟད། "ང་ལ་ཅིའི་ཕྱིར་འཇུས་པ་ཡིན། ཁྱེད་ཚོས་བུ་མོར་འཇུ་ཆོག་གི་རེད་དམ། ཁྱོད་ཀྱིས་དུག་ལོག་འདི་ག་རེའི་ཆེད་དུ་གྱོན་པ་ཡིན་ནམ། ད་ནས་བཟུང་ཁྱོད་ཀྱིས་བུ་མོ་གཞན་སུ་ལའང་ལག་པས་འཇུས་དང་། ངས་ཁྱོད་ཀྱི་གྲྭ་ཆས་དེ་ཕུད་དུ་འཇུག་གི་ཡིན།" ཟེར་བཞིན་ཁོང་ཁྲོའི་མེ་ལྕེ་འབར་བའི་ངང་ལག་པས་མཛུབ་ཀེར་དང་མཛུབ་ཚུགས་འབྲེལ་མས་ཐམས་ཅད་ཀྱི་མདུན་ཞབས་འདྲེན་བཟོས་པ་མ་ཟད། "དགོངས་དག་ཞུས་ཤོག ཚང་མའི་མདུན་དུ་དགོངས་པདག་ཞུས་ཤོག་"ཟེར་དུས། ཕུར་པ་བླ་མས་ཀྱང་ཚ་ག་ཚི་གེའི་ངང་ལན་མི་སྟེར་ཀ་མེད་ཀྱིས་"དགོངས་དག དགོངས་དག་"ཅེས་དགོངས་པ་ཞུས་རུང་། ད་དུང་མོས་འདོད་པ་མ་ཚིམས་ནས་ཕར་འཐེན་ཚུར་འཐེན་བྱེད་པ་དང་། ཟུར་དུ་གཅེར་ནས་རྙོག་གྲ་ལུང་པ་གང་བཤད་ཀྱིན། རྣ་མཆོག་ལག་འཛིན་གྱིས་ཡར་འགྲེང་མར་སྡོད་ཀྱི་ཆད་པ་བཅད་ཅིང་། མཐར་ཉེན་རྟོག་པ་ལ་རྩིས་སྤྲད་པ་དང་བཙོན་ཁང་ལ་བླུག་ཏུ་བཅུག་པ་སོགས་བྱས་ཡོད་པ་རེད།
དེའི་རྗེས་སྐབས་དེར་བྱུང་བའི་གནས་ཚུལ་དང་འབྲེལ་བའི་བརྙན་ཟིན་ཐུང་ངུ་རེ་ཊིཀ་ཊོཀ་གིས་གཙོས་པའི་ངོ་དེབ་སོགས་ག་སར་ཁྱབ་སྤེལ་བྱུང་ཞིང་། སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་མང་པོ་ཞིག་གིས་དགེ་འདུན་པ་ལ་ཁ་གཏོང་བར་བྱེད་རུང་། ཡང་མང་པོ་ཞིག་གིས་ནི་འཁྲབ་སྟོན་མ་དེར་མ་འགྲིག་ཚུལ་གྱི་མཆན་སྣ་ཚོགས་སྤེལ་བ་དང་འབྲེལ། མི་སྒེར་སོ་སོ་ནས་བརྙན་དེ་དག་དང་འབྲེལ་ཏེ་སོ་སོའི་འདོད་པའི་ཕྱོགས་སུ་ལང་ནས་བརྙན་དེ་དག་གང་མང་ཁྱབ་སྤེལ་བྱེད་པ་དང་སྦྲགས། ཆོས་ལུགས་དང་མི་རིགས་རིས་སུ་མ་ཆད་པའི་མི་མང་མང་པོ་ཞིག་དགེ་འདུན་པའི་ཕྱོགས་སུ་ལང་སྟེ། སྐབས་དེའི་བརྙན་ཟིན་ནང་གསལ་བའི་"དགེ་འདུན་པ་དེའི་ཞལ་རས་ལ་ཉམ་ཆུང་གི་རྣམ་པ་ལྡན་ཞིང་། དགེ་འདུན་པ་དེས་དེ་འདྲ་བྱེད་ཕོད་ས་མི་འདུག་"པའི་གཏམ་ཡིག་བརྙན་གང་རུང་གི་ལམ་ནས་སྤེལ་བ་སོགས་བྱུང་བ་རེད།
སྤྱི་ཟླ་ ༠༥ ཚེས་ ༣༡ ཉིན། དགེ་འདུན་པ་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་པ་དང་། ཉེས་མེད་ཉེས་འཛུགས་བྱེད་དགོས་པའི་རྒྱུ་མཚན་ཤོད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་གློག་བརྙན་སྟོན་མི་ཆོག་པ་བཅས་ཀྱི་ཆེད་དུ་དམིགས་ཏེ། བཽདྡྷ་མཆོད་རྟེན་ཉེ་འགྲམ་ཅཱ་ཝཱ་ཧིལ་ས་གནས་ཁོངས་གཏོགས་ཀེ°ཨེལ°ཊཱ་ཝར°གྱི་ཚོང་ཁྲོམས་ཆེན་པོའི་མདུན། བལ་ཡུལ་རྟ་མང་གྷེ་དུང་ཚོགས་པ་སོགས་ཚོགས་པ་དང་ཚོགས་པ་མ་ཡིན་པའི་སྐྱ་སེར་ཁག་དུ་མ་འདུས་ཏེ་སྐད་འབོད་རྒྱབ་པ་དང་། གློག་བརྙན་ཁྱབ་བསྒྲགས་ཀྱི་གྱང་སྦྱར་པར་གཞི་ཐམས་ཅད་སྐོགས་ཏེ་མེ་ལ་བསྲེགས་ཤིང་། གློག་བརྙན་འཁྲབ་སྟོན་མ་དེའི་གཟུགས་བརྙན་ཐོ་ཡོར་བཟོས་ཏེ། དེ་ལ་རྡོག་རྒྱག་དང་མུར་འཛོག་གཞུ་བ་དང་། ཚོང་ཁྲོམས་དེའི་ནང་ཡོད་པའི་ཨེཧྤ་ཀྱུབ་གློག་བརྙན་ཁང་ནང་འཛུལ་ཏེ་སྐད་འབོད་རྒྱབ་པས། སྐབས་དེར་གློག་བརྙན་སྟོན་བཞིན་པ་ཐམས་ཅད་མ་བཀག་རང་བཀག་བཟོས་ཡོད་པ་སོགས་ལས་འགུལ་ཤུགས་ཆེན་པོ་སྤེལ་བ་བྱུང་ཡོད། མ་ཟད་དེའི་ཉིན་རྒྱལ་སའི་ནང་གློག་བརྙན་ཁང་གཙོ་གྲས་རིགས་ག་སར་ཡོད་པ་ཐམས་ཅད་ལ་སྐད་འབོད་རྒྱག་ཏུ་ཕྱིན་ཡོད་ཅིང་། དེའི་ཤུགས་རྐྱེན་གྱིས་གནས་སྐབས་རིང་ཕན་ཚུན་དབར་གྱི་རྙོག་གྲ་དེ་མ་འཇགས་བར་གློག་བརྙན་དེ་སྟོན་མི་ཆོག་པའི་གནས་སྟངས་བྱུང་ཡོད་པ་རེད།
འོན་ཀྱང་དེའི་ཉིན་ཏག་ཏག་བལ་ཡུལ་ནང་པའི་ཚོགས་པའི་ཕྱོགས་ནས་ཚོགས་གཞོན་མཁན་པོ་ཀ་མལ°བྷཎྜཱ་རཱི°སོགས་མི་ལྔ་དང་། གློག་བརྙན་འཁྲབ་སྟོན་པའི་ཕྱོགས་ནས་འཁྲབ་ཁྲིད་པ་རཱམ°བཱ་བུ°གུ་རུང°སོགས་མི་སྣ་བདུན། རྙོག་གྲའི་དོན་རྐྱེན་ནང་ལྷུང་བའི་མི་རུ་ནཱ°མ་གར°དང་ཕུར་པ་བླ་མ། གཞན་ཡང་འབྲེལ་ཡོད་འབྲེལ་མེད་འགའ་དང་བཅས་ཐམས་ཅད་ཕྱིར་བསྒྲགས་མེད་པར་གསང་བའི་ཐབས་ཀྱིས་ཟུར་དུ་འཛོམས་ཏེ། ཕན་ཚུན་ནང་འགྲིག་གི་སྐད་ཆ་བྱས་ཏེ། དེའི་སྐོར་ཡིག་ཆ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེའི་ནང་དོན་ནི།
"སྤྱི་ཟླ་ ༠༥ ཚེས་ ༢༩ ཉིན་སི་ཝིལ་ཚོང་ཁྲོམ་ཆེན་མོའི་ཀིའུ°ཨེཧྤ°ཨེཀྶ°གློག་བརྙན་ཁང་དུ། འཁྲབ་སྟོན་མ་མི་རུ་ནཱ°མ་གར°གྱི་སྟེང་ངན་སྤྱོད་བྱས་པའི་དོན་རྐྱེན་འོག་ཏུ་ཚུད་པའི་མུ་གུམ་རྫོང་སྡེ་ནས་ཡིན་པ་ཕུར་པ་བླ་མ་ལགས་ནས། མི་རུ་ནཱ་ལགས་སུ་གམ་བཅར་གྱིས་ནོར་འཁྲུལ་ངོས་ལེན་ཞུས་ཡོད་པ་དང་། མི་རུ་ནཱ་ལགས་ནས་ཀྱང་ཕུར་པ་བླ་མ་ལགས་ལ་རང་གི་གཅུང་པོར་བསམ་ཞིང་དགོངས་ཡངས་གནང་ཡོད་པ་རེད། དེ་བཞིན་འཁྲབ་སྟོན་མ་མི་རུ་ནཱ་ལགས་ཀྱིས་མི་རིགས་དང་ཆོས་ལུགས་དང་ཚོགས་སྡེ་སོགས་གང་ལ་ཡང་དབྱེན་འབྱེད་ཀྱི་བྱ་བ་མ་བརྩམས་རུང་། གཉན་འཕྲང་ཅན་གྱི་གནས་སྟངས་དེར་འུ་ཐུག་ཐབས་ཟད་ཀྱིས་ཁ་གཏད་མི་གཅོག་ཀ་མེད་ཐུག་པའི་དོན་རྐྱེན་དེའི་ཤུལ་དུ། ནང་པ་བ་ཁྱོན་ཡོངས་ཀྱིས་གཙོས་པའི་དགེ་འདུན་པའི་ཚོགས་སྡེ་ཁག་ལ་ཤུགས་རྐྱེན་འཕྲད་པར་དགོངས་སེལ་ཞུས་སོང་།
དེས་ན་ངེད་གློག་བརྙན་འཁྲབ་སྟོན་ཚོགས་པ་དང་བལ་ཡུལ་ནང་པའི་ཚོགས་པ་བཅས། ཕྱོགས་གཉིས་ཀའི་ཐད་ནས་རེ་སྐུལ་ཞུ་རྒྱུར། མ་འོངས་པའི་ཆར་ཁོང་རྣམ་པ་གཉིས་ཀྱི་དོན་རྐྱེན་དེ་དང་འབྲེལ་བའི་སྐོར་དབྱེན་འབྱེད་མི་བྱ་རྒྱུ། ཕན་ཚུན་དབར་དགོས་མེད་ཀྱི་མཆན་འདེབས་དང་རྙོག་གླེང་མི་གནང་རྒྱུ། སྤྱི་ཚོགས་མདུན་ཆོས་ལུགས་དང་མི་རིགས་དང་ཚོགས་སྡེ་སོགས་ཀྱི་དབར་ཞེ་འགྲས་འཁོན་འགྲས་མི་ཡོང་ཐབས་གནང་རྒྱུ་བཅས་ཀྱི་སྐོར། ཆོས་རིགས་ཚོགས་སྡེ་ཐམས་ཅད་ཀྱི་མདུན་དུ་རེ་འདུན་ཞུ་རྒྱུ་དང་འབྲེལ། ཕྱོགས་གཉིས་ཀའི་མོས་མཐུན་ངོས་ལེན་ཡི་གེ་འདིའི་ཆེད་ས་རྟགས་བཀོད་པ་གཤམ་གསལ་ལྟར་ལགས།"






No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།