རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 22 August 2022

སྐྱབས་རྗེ་བདེ་བར་གཤེགས་པ་བླ་མ་དམར་སྒོམ་ཚེ་རིང་བཀྲ་ཤིས་མཆོག་གི་རང་བཞིན་བརྗོད་པ།

ཨ་ཞང་ཚེ་རིང་བཀྲ་ཤིས་སམ་དམར་སྒོམ་མཆོག་གི་རང་བཞིན་བརྗོད་པ་ཚ་བོ་མི་གནས་རང་བྱུང་རྡོ་རྗེ་དྲག་པོ་རྩལ་གྱི་མངོན་རྟོགས་ཞེས་བྱ་བ།

དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ།


ཇི་སྐད་དུ། རྒྱལ་བ་ཀློང་ཆེན་གྱིས་ཞལ་མངའ་ནས། ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། དངས་བའི་མཁའ་ལ་སྔོན་མེད་རི་བོང་འཛིན། །རྒྱུ་སྐར་ཕྲེང་བ་རྣམས་ཀྱིས་བསྐོར་བ་བཞིན། །ལྷམ་མེ་ལྷང་ངེ་ལྷན་ནེར་གསལ་བ་ཡང་། །མི་རྟག་མྱང་ངན་འདའ་ཚུལ་སྟོན་མཛད་ཅིང་། །ཞེས་གསུངས་པ་ལྟར། དེ་ཡང་བལ་བོད་ཀྱི་ས་མཚམས་སྟོད་གངས་དཀར་ཏི་སེ་དང་རབ་ཏུ་ཉེ་བའི་ཡུལ་ཉི་གསལ་དུ་སྐུ་འཁྲུངས་པ། མི་ངའི་ཨ་ཞང་དམ་པ། བླ་མ་ཚེ་རིང་བཀྲ་ཤིས་སམ་དམར་སྒོམ་རིན་པོ་ཆེ་ཁོང་རེ་ཞིག་སྐུ་མྱ་ངན་ལས་འདས་སོ།།

དུས་གསུམ་སངས་རྒྱས་བྱོན་རུང་མ་བྱོན་རུང་།།
སྣང་བའི་ཆོས་རྣམས་རང་བཞིན་འགག་པར་འགྱུར།།
འགགས་ཀྱང་བསླུ་བ་མེད་པར་རྟེན་འབྲེལ་གྱིས།།
སྒྱུ་འཕྲུལ་རོལ་བའི་ཚོགས་རྣམས་ཅིར་ཡང་འཆར།།

དམ་པའི་རང་གཤིས་གངས་དཀར་ཏི་སེ་འདྲ།།
ཆོས་པའི་རང་དངས་ཉི་ཟླ་ཟུང་འབྲེལ་ལྟར།།
མདོ་སྔགས་དོན་རྣམས་ཉམས་ལེན་གནད་དུ་བསྒྲིལ།།
སྐུ་ཚེ་ཡོངས་རྫོགས་ཉམ་ཐག་དོན་ལ་བསྐྱལ།།

རྗེ་བཙུན་བླ་མ་དུ་མའི་ཞབས་ལ་གཏུགས།།
མདོ་སྔགས་བཀའ་གཏེར་ཡོངས་རྫོགས་གསན་བསམ་མཛད།།
གྲང་བྱ་བཅུ་ཕྲག་ལྷག་ཙམ་ཏིང་འཛིན་བསྒོམས།།
འདུ་བ་རྣམ་བཞིའི་མཛད་པ་རྒྱས་པར་ངོམ།།

ཕྲུ་གུས་དོར་བའི་རྒན་ཁོག་བརྒྱ་ཕྲག་བསྐྱངས།།
ལམ་ཕྲང་འཇིགས་སུ་རུང་རྣམས་བདེ་བར་བཟོས།།
ཆུ་ཆེན་རྣམས་ལ་ཟམ་པ་འཛུགས་གནང་མཛད།།
གྲུབ་ཆེན་ལྕགས་ཟམ་པ་ལ་འགྲན་ཡ་བྱས།།

ཕྱག་ཏུ་འབྱོར་ཚད་སྤྲང་པོ་རྣམས་ལ་བསྩལ།།
རྟག་ཏུ་ཉམས་ལེན་ཆུ་ཀླུང་དག་ལ་འགྲན།།
གང་ལ་འབྲེལ་ཐོགས་ཀུན་ལ་ལེགས་ལམ་སྟོན།།
ཞང་པོ་ཁྱེད་ལ་བདག་གིས་ཡིད་སྨོན་ཤོར།།

ཁྱད་པར་ཐུགས་རྒྱུད་དྲང་པོའི་བ་དན་ནི།།
གཟུགས་སུ་ཡོད་ན་གནམ་གྱི་ཀ་བར་ངེས།།
རྟག་ཏུ་གཞན་དོན་ཁོ་ནར་བརྩོན་པ་ཡང་།།
བྱང་ཆུབ་སེམས་དཔའ་ཆེན་པོའི་མཛད་པ་འདྲ།།

རྒྱུ་དང་ལོངས་སྤྱོད་རྣམས་ལ་ཆགས་པ་བྲལ།།
ཐོབ་དང་གོ་གནས་དུག་ལྟར་སྤོང་བར་མཛད།།
ཞི་འདུལ་བྱང་ཆུབ་སེམས་པའི་ངང་ཚུལ་ནི།།
ཞང་པོ་ཁྱེད་འདྲ་དོལ་ཕྱོགས་ཡུལ་ན་དཀོན།།

གཟུགས་སྐུ་འབྱུང་བཞིའི་ཀློང་དུ་འཐིམ་པ་ནི།།
རྟེན་འབྲེལ་སྣང་སྟོང་བྱིན་རླབས་འཕོས་པ་ཡིན།།
ལོངས་སྐུ་སྒྱུ་འཕྲུལ་རོལ་བར་བརྗེས་པ་ཡང་།།
ཆོས་སྐུ་མངོན་སུམ་མཛད་པའི་ངོ་མཚར་ལགས།།

བདག་ནི་གང་ཉིད་མྱ་ངན་འདས་འགྱུར་ཀྱང་།།
སྐྱོ་བའི་སེམས་ཚོར་སྐད་ཅིག་ཙམ་ཡང་མེད།།
ཅིའི་ཕྱིར་ཞེ་ན་ཉི་ཟླའི་རང་བཞིན་ལ།།
མུན་པའི་སྐལ་བ་གདོད་ནས་མ་གྲུབ་པའོ།།

སྐྱེ་རྒ་ན་འཆི་འདི་ནི་ངོ་མཚར་ཆེ།།
འདི་མེད་རྟེན་འབྲེལ་བསླུ་མེད་ཇི་ལྟར་འཁོར།།
ཁྱད་པར་འཆི་བའི་སྣང་ཚུལ་འདི་ཉིད་ནི།།
ཉམས་ལེན་པ་ལ་གོ་སྐབས་འདི་ལྷག་མེད།།

སྡུག་རྟེན་ཕུང་པོ་འདོར་བའི་སྐལ་བཟང་དེ།།
འཆི་སྲིད་མ་གཏོགས་མེད་པའི་རྒྱུ་མཚན་གྱིས།།
ཁྱེད་དང་བདག་གི་རྗེ་བཙུན་མགོན་པོ་གཉིས།།
དེ་ལ་བསྟོད་མངགས་མཛད་པ་ཡང་ཡང་མཐོང་།།

བདག་ཀྱང་དཔལ་ལྡན་རྒྱལ་བ་འབྲས་ལྗོངས་པའི།།
ཐུགས་རྗེ་སིལ་གྲིབ་ཟབ་མོའི་བྱིན་རླབས་ཀྱིས།།
འཆི་སྲིད་བསུ་བར་བྲེལ་བའི་ངང་ཉིད་ནས།།
རྩལ་བྲལ་ཆོས་སྐུ་ཡངས་པའི་མཁའ་ལ་དགའ།།

སྐྱེ་བ་རྟེན་འབྲེལ་སྣང་བའི་གཟུགས་བཟང་ལ།།
ན་བ་རྒྱུ་འབྲས་རྒྱན་གྱིས་མཛེས་བྱས་ཤིང་།།
འཆི་བ་ཆོས་ཉིད་དོན་གྱི་རང་བཞིན་ལ།།
རོལ་རྩེད་ངོམ་པ་རིག་འཛིན་བརྒྱུད་པའི་སྲོལ།།

ཕར་བལྟས་སྣ་ཚོགས་ཡུལ་གྱི་ལྟད་མོ་ལ།།
ཚུར་དཔྱད་གཞི་མེད་སེམས་ཉིད་རྩ་བ་བྲལ།།
སྣང་སྟོང་རོ་གཅིག་འདྲེས་པའི་དྲན་རིག་གི།།
གཞོན་ནུ་བུམ་སྐུར་གྲོལ་བར་ཐེ་ཚོམ་མེད།།

རིག་འཛིན་བརྒྱུད་པའི་བྱིན་རླབས་དྲོད་རླངས་ཐོལ།།
བཀའ་གཏེར་མདོ་སྔགས་ཟབ་མོའི་འོད་རླབས་འཕྲོ།།
རང་ཉམས་མེ་ལོང་ནང་གི་གཞོན་ནུ་མས།།
དགའ་བའི་འཛུམ་མདངས་ཅིར་ཡང་ངོམ་པའི་ཕྱིར།།

ད་ནི་ནམ་མཁའ་ལྟར་དུ་ཡངས་པར་བྱ།།
ཉི་ཟླ་བཞིན་དུ་འོད་མདངས་མཉམ་པར་འཕྲོ།།
རྒྱ་མཚོ་འདྲ་བར་ཟབ་པའི་ངང་ཉིད་ནས།།
ས་གཞི་དང་མཚུངས་ཀུན་གྱི་རྟེན་འགྱུར་ཤོག།

     ཅེས་མར་ངོའི་དུས་ཚེས་ཁྱད་པར་ཅན་ལ། ཡེ་ཤེས་མཁའ་འགྲོའི་ཏིང་ངེ་འཛིན་ལ་མཉམ་པར་ཅུང་ཟད་བཞག་ནས། དགེ་བ་གསོ་ཞིང་གློ་བུར་གྱི་སྡིག་སྒྲིབ་སྦྱོང་བར་བྱས་ཤིང་། རང་གི་ཉམས་སྣང་དང་མཐུན་པར་ཡིག་ཐོག་ཏུ་ཤར་མར་ཕབ་པ་འདི། མི་གནས་རང་བྱུང་རྡོ་རྗེ་དྲག་པོ་རྩལ་ལམ་དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ་གྱིས། ཧྥ་རན་སིའི་རྒྱལ་ས་ཕེ་རིས་ཀྱི་རང་གནས་སུ་ ༢༡/༠༨/༢༠༢༢ ཉིན་བྲིས་པ་དགེའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།