རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 8 September 2022

ས་བཀའ་རྙིང་གསུམ་ཡོངས་ཀྱིས་བཀའ་དྲིན་དྲན་དགོས་པའི་ཆོས་གྲྭ་ཞིག

སློབ་སྤྲུལ་འཆི་མེད་ཚེ་དབང་དོལ་པོ།

གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ནང་བསྟན་སློབ་གླིང་།

རྫོགས་ཆེན་ཤྲཱི་སིངྷ་དཔལ་གྱི་ཆོས་གྲྭ་ཆེན་པོ་འདི་ཉིད། ༸སྐྱབས་རྗེ་རྫོགས་ཆེན་སྐུ་ཕྲེང་བཞི་པའི་བཀའ་ལུང་ལྟར། དུས་ཕྱིས་སྔ་འགྱུར་བསྟན་པ་ལ་བཀའ་དྲིན་གཞལ་ཟླ་དང་བྲལ་བ་དགེ་མང་རྒྱལ་སྲས་གཞན་ཕན་མཐའ་ཡས་(༡༨༠༠-༡༨༥༥)ཀྱིས། ཕྱི་ལོ་ ༡༨༤༨ ལོར་ཕྱག་བཏབ་ཅིང་། རྗེ་ཉིད་མཁན་རབས་གཉིས་པའི་ཁྲིར་བཞུགས། དེ་ནས་བཟུང་སྔ་འགྱུར་བ་ཕལ་ཆེ་བ་བཤད་གྲྭ་འདིར་སློབ་གཉེར་གནང་དུ་ཕེབས་སྲོལ་བྱུང་སྟེ། སྟོད་དབུས་གཙང་ནས་ཀུན་གཟིགས་བོད་པ་སྤྲུལ་སྐུ་དང་། སྨད་ཨ་མདོ་ནས་དགུ་རོང་སྤྲུལ་སྐུ། སྨན་ལྗོངས་འབྲུག་ཡུལ་ནས་མཁན་པོ་བསྟན་པ་རིན་ཆེན་སོགས། ཆོས་སྡེ་འདིར་དཀའ་བ་ཁྱད་སད་ཀྱིས་ཤུལ་ལམ་རིང་མོ་བཅད་ནས་ཕེབས་པ་མང་།

( ༡༨༧༡ - ༡༩༢༧ )

     ཕྱིས་སུ་དགེ་མང་མཁན་ཆེན་གཞན་དགའ་རིན་པོ་ཆེས། གཞུང་ཆེན་བཅུ་གསུམ་ལ་འགྲེལ་པ་མཛད་པ་ནས་བཟུང་ཆོས་སྡེ་འདིའི་ཕྲིན་ལས་ལྷག་པར་རྒྱས་པ་དང་། གཞུང་ཆེན་རྣམས་ལ་རྒྱ་འགྲེལ་གྱི་མཆན་འདེབས་གཙོ་བོར་མཛད་པས་རྙིང་མའི་ནང་ནའང་འདོད་པ་མི་ཁེངས་པ་ལྟ་བུར་མཛད་མཁན་ཡོད་ཀྱང་། དམ་པ་འདིའི་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་དང་ཕྲིན་ལས་འགྲན་ཟླ་མེད་ཅིང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཡང་སྲིད་གཞན་ཞིག་ཡིན་པར་གྲགས། 

     ཕྱི་ལོ་ ༡༩༡༩ ལོར་༸འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་ལུང་ལྟར། མཁན་ཆེན་ཉིད་རྫོང་གསར་ཁམས་བྱེའི་བཤད་གྲྭའི་མཁན་ཐོག་དང་པོའི་ཁྲི་ལ་བཞུགས་ནས་གཞུང་ཆེན་བཅུ་གསུམ་འཆད་སྤེལ་མཛད་ཅིང་། དུས་ད་ལྟའི་བར་བཤད་གྲྭ་འདིའི་ཕྲིན་ལས་དཔལ་ས་ངོར་ཚར་གསུམ་ལ་ཁྱབ་པ་དང་། ༸སྐྱབས་རྗེ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་བཀའ་ལུང་ལྟར། འགྲོ་མགོན་བཀའ་བརྒྱུད་པའི་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བཤད་གྲྭའི་ཁྲི་འཕང་མཐོན་པོར་རྗེ་ཉིད་ཐོག་མར་འཁོད་ནས་འཆད་སྤེལ་གནང་ཞིང་། ཕྱིས་སུ་རང་སྟོང་དང་གཞན་སྟོང་གི་སྐོར་ཞིག་ལས་འཕྲོས་དེ་སྐུར་འདེབས་ཞུ་མཁན་ཡང་བྱུང་བར་གྲགས་མོད། སི་ཏུ་རིན་པོ་ཆེ་ཉིད་ཀྱིས་ནི་དད་དམ་གཡོ་མེད་ཐོག་བླ་མར་བཀུར་བར་མཛད་ཅིང། བཤད་གྲྭ་འདིའི་ཕྲིན་ལས་ཀཾ་ཚང་ཡོངས་ལ་ཁྱབ་ཡོད། དེ་བཞིན་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭ་ཡང་༸དཔལ་མཉམ་མེད་འབྲི་གུང་སྐྱབས་མགོན་རིན་པོ་ཆེའི་བཀའ་ལུང་ལྟར། མཁན་ཆེན་གཞན་དགའི་དངོས་སློབ་ཉག་རོང་གུ་རུ་སྤྲུལ་སྐུས་མཁན་ཐོག་དང་པོ་མཛད་དེ་དར་རྒྱས་བྱུང་། 

     སྔ་འགྱུར་རྙིང་མའི་བཤད་གྲྭ་རྣམས་ཤྲཱི་སིང་ཆོས་གྲྭ་དང་མ་འབྲེལ་བ་ཕལ་ཆེར་མེད་ཅིང་། དེ་ལས་གྲགས་ཆེ་བ་ཀཿཐོག་བཤད་གྲྭ་དང་། དཔལ་ཡུལ་བཤད་གྲྭ་གཉིས་ཀྱི་མཁན་ཐོག་དང་པོ་མཁན་ངག་ཆུང་རིན་པོ་ཆེ་ཡང་། སྨྱོ་ཤུལ་ལུང་རྟོགས་རིན་པོ་ཆེའི་དཀའ་ལྟར་ཤྲཱི་སིང་ཆོས་གྲྭར་ཐོས་བསམ་གནང་དུ་ཆེད་མངགས་ཕེབས་ཚུལ་རང་རྣམ་དུ་རྒྱས་པར་གསལ། དེང་གི་དུས་འདིར་སྔ་འགྱུར་བཤད་པའི་ཆུ་མགོ་ཐེག་མཆོག་རྣམ་གྲོལ་གླིང་གི་སྔ་འགྱུར་མཐོ་སློབ་ཆེན་མོ་འདི་ཉིད་ཀྱང་། སྔ་འགྱུར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གི་བཀའ་ལུང་ལྟར། དཔལ་སེངྒེའི་རི་ཆོས་གྲྭ་ནས་ཐོས་བསམ་མཐར་ཕྱིན་པའི་མགོ་ལོག་མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་མཆོག་མཁན་ཐོག་དང་པོའི་ཁྲི་ལ་བཞུགས་ཤིང་། མཐོ་སློབ་འདིའི་ཕྲིན་ལས་རྒྱ་བལ་འབྲུག་གསུམ་གྱི་སྔ་འགྱུར་བཤད་གྲྭ་ཡོངས་ལ་མ་ཁྱབ་པ་མེད་པ་མཁྱེན་གསལ་ལྟར་རོ།།

རྫོགས་ཆེན་ཆོས་འབྱུང་བཀླགས་པའི་ཟིན་བྲིས་ཚུལ་དུ་བྲིས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།