ཞིང་ལས་བྱེད་བཞིན་པའི་སྐབས་འཁོར་བའི་ལས་ཀྱི་གསེབ་ནས་བླ་མ་ལ་གསོལ་བ་བཏབས་པ།
སྟོན་པ་བཀའ་དྲིན་ཅན་གྱི་བསྟན་པ་ལ།།
དད་དམ་གཡོ་བ་མེད་པའི་ངང་ཚུལ་ཅན།།
ཡབ་རྗེ་༸གྲུབ་དབང་པདྨ་ནོར་བུ་ལ།།
ལས་ངན་དབང་གིས་འཁོར་བའི་གནས་སུ་ཟགས།།
མ་རིག་མུན་པས་གནས་ལུགས་དོན་རྣམས་སྦས།།
བཟང་ངན་མ་རྟོགས་སྡུག་བསྔལ་ལས་ལ་བརྩོན།།
སྐྱོབས་ཞིག་སྐྱོབས་ཞིག་༸ཡབ་རྗེ་བླ་མས་སྐྱོབས།།
ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པ་ལ།།
སེམས་ཉིད་དེ་ཡི་དབང་དུ་ཤོར་བ་ན།།
སྣང་ཚད་དོན་ལ་ཡོད་པའི་འཁྲུལ་སྣང་འདི།།
འཛིན་མེད་དབྱིངས་སུ་ཡལ་བར་བྱིན་གྱིས་རློབས།།
སྣང་བའི་རང་བཞིན་ཅིའང་མེད་པ་ལ།།
ཞེན་ཆགས་བུ་མོས་རྟག་ཏུ་བྱ་ར་བྱེད།།
སྣང་ཞེན་རྟག་འཛིན་རྒྱལ་པོའི་བུ་མོ་འདི།།
འཛིན་མེད་ཆོས་སྐུའི་ཀློང་དུ་འཐིམ་པར་ཤོག།
༢༠༢༢/༠༩/༡༧
═══ ❀✿❀ ═══
དྲན་ནོ་དྲན་ནོ།།
སྤྱི་ཚོགས་གང་ཞིག་ལྷིང་འཇགས་མེད་པ་དང་།།
ང་ཡིན་ཁོ་ཡིན་རྐྱང་རྐྱང་གླེང་ས་ནས།།
ང་ཁྱོད་རྩོད་དགོས་མེད་པའི་ལྷིང་འཇགས་ཅན།།
མ་ཡུལ་རྣམ་གླིང་ཆོས་སྡེ་སེམས་ནས་དྲན།།
རང་ལ་མཁོ་དུས་ཁ་དཀར་ངོ་དཀར་བསྟན།།
མི་དགོས་ཚེ་ན་ངོ་ཤེས་བརླག་ས་ནས།།
བློ་སེམས་དཀར་པོ་ཅན་གྱི་འཛིན་གྲོགས་རྣམས།།
ལན་གཅིག་མིན་པར་ཡང་ཡང་སེམས་ནས་དྲན།།
ཉིན་མོ་ཐ་ལས་མིག་ཀྱང་གདང་མི་བཅུག།
མཚན་མོ་ཁྱག་ངར་ཆེ་བའི་ཡུལ་འདི་ནས།།
མཛེས་སྡུག་ཡོད་རྒུ་ཚང་བའི་གནས་ཆེན་པོ།།
ཚ་གྲང་ཤིན་ཏུ་སྙོམ་པའི་སློབ་གླིང་དྲན།།
ནང་པའི་མིང་ཙམ་ཁ་ལ་བཏགས་ན་ཡང་།།
ནང་ཆོས་ངོ་མའི་དྲི་མ་མེད་ས་ནས།།
ཉིན་མཚན་ནང་ཆོས་ཉིད་ལ་ཐོས་བསམ་གྱི།།
སྒྲོ་འདོགས་གཅོད་སའི་མ་ཡུམ་མཐོ་སློབ་དྲན།།
བདག་ནི་དྲན་པ་ཙམ་ལས་ལས་དབང་གིས།།
གང་དུ་བསྐྱལ་མིན་ཁྱོན་ནས་མི་ཤེས་འདུག།
ད་ལྟ་ཆོས་སྡེ་ཆེན་མོར་བཞུགས་བཞིན་པའི།།
མཆེད་གྲོགས་ཁྱེད་ཚོ་ངོ་མ་སྐལ་བཟང་རེད།།
༢༠༢༢/༠༦/༡༤


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།