རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ།
ནང་པའི་ཆོས་འབྱུང་འཆད་སྐབས་སྟོན་པའི་ཆེ་བ་བརྗོད་པ་ལ། “བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས།” ཞེས་གསུངས་པ་དང་། འདུལ་བ་ལུང་དུ་གྲངས་མེད་དང་པོ་དག་ལ་ནི། །ཞེས་ཚོགས་གསོག་ཚུལ་བསྟན་ཡོད་པ་ནས་བཟུང་། ཐེག་པ་ཆེ་ཆུང་མདོ་སྔགས་ཀྱི་གཞུང་ཀུན་ལ་གྲགས་ཆེ་ཞིང་། དགོངས་འགྲེལ་བསྟན་བཅོས་ཀུན་ན་ཡང་གལ་པོ་ཆེར་བརྩིས་ཡོད་ལ། སྟོན་པའི་བསྟོད་པ་རྣམས་སུ་ཡང་ཡང་བསྔགས་པའི་གཞི་རུ་མཛད་ཡོད་པས། སངས་རྒྱས་ཀྱི་གོ་འཕང་དེ་ཉིད་བསྐལ་པ་གྲངས་མེད་གསུམ་དང་། དེ་ལས་དུས་རིང་བ་ལ་འབད་པ་རྒྱུན་ཆགས་པ་ལས་བྱུང་བའི་ངེས་པ་བསྟན་ཡོད་པས་ན། ཕྱིས་སུ་ཆོས་བྱེད་ཕལ་མོ་ཆེའི་བློ་ངོར་ཡང་རྒྱང་ཐག་ཧ་ཅང་རིང་པོ་ཅིག་ཡིན་པའི་ཚོར་བ་བྱིན་ཡོད་སྟབས། འབད་བརྩོན་གྱི་སྦྱོར་བའང་སྨོན་ལམ་ཁོ་ན་ཚོགས་ཤིང་། སྒྱིད་ལུག་གམ་ལྷོད་ལྷོད་པོར་གྱུར་པའི་ཁོར་ཡུག་འདི་བྱུང་བར་མངོན་ནོ།།
ད་ཡོད་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་དུ། “བསྐལ་བ་གྲངས་མེད་གསུམ་”ཞེས་པའི་ཐ་སྙད་ཀྱི་གྲངས་འབོར་མང་པོ་བཞུགས་ཡོད་དེ། བསྐལ་པ་གྲངས་མེད་པ་ ༣༡༣ དང་། བསྐལ་པ་གྲངས་མེད་པ་གསུམ་ ༦༠ དང་། བསྐལ་པ་གྲངས་མེད་གསུམ་ ༡༥། གྲངས་མེད་གསུམ་ ༡༩ སོགས་མངོན་ཡོད་ལ། བསྟན་འགྱུར་རིན་པོ་ཆེར་ཡང་ཐ་སྙད་འདི་ཉིད་མང་དུ་མངོན་པ་སྟེ། བསྐལ་པ་གྲངས་མེད་པ་ ༦༡༡ དང་། གྲངས་མེད་པ་ ༤༣༩ དང་། བསྐལ་པ་གྲངས་མེད་གསུམ་ ༣༤ དང་། བསྐལ་པ་གྲངས་མེད་པ་གསུམ་ ༡༦༤ སོགས་མངོན་པར་གསལ་ཡོད་ཅིང་། དེ་བཞིན་ས་ལམ་གྱི་བགྲོད་ཚུལ་ལ། གྲངས་མེད་བཞི་དང་བཅུ་དྲུག་སོགས་ཅི་རིགས་པའང་བསྟན་ཡོད་ལ། རང་རེའི་མཁས་པ་ཚོས་ཀྱང་དེ་དེ་བཞིན་དུ་ཡིན་ལུགས་འཆད་པར་བྱེད་དོ།།
དོན་དམ་པའི་དབང་དུ་བྱས་ན། མཉམ་མེད་དྭགས་པོ་ལྷ་རྗེས་ཟླ་བ་ལྔ་དྲུག་ན་གྲོལ་བ་ཐོབ་གསུངས་པ་བཞིན་ཏེ། རང་ཅག་གི་སྟོན་པས་ལོ་དྲུག་གི་དཀའ་སྤྱད་ཀྱིས་གནད་དུ་མ་འཕོགས་པ་གང་ཞིག མ་གྷ་དྷའི་བྱང་ཆུབ་ཤིང་དྲུང་དུ་དུས་ཡུན་རིང་པོ་མ་ཡིན་པར་མཉམ་པར་བཞག་པས་གྲོལ་བ་ཐོབ་པ་སྟེ། བདུད་རྩི་རྙེད་དེ་སངས་རྒྱས་པར་ཡོངས་སུ་གྲགས་ཤིང་གྲུབ་པའི་ཕྱིར། འགྲོ་མགོན་ཕག་གྲུས། རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་པར་གསུངས་པ་དང་། ཆོས་རྗེ་འབྲི་གུང་པའི་«བརྫུན་དྲུག་གི་མགུར་»ལས། “རང་སེམས་མངོན་དུ་གྱུར་ཙ་ན། །གྲངས་མེད་གསུམ་ཡང་བརྫུན་པོར་གདའ། །དྲང་དོན་ཐེག་པའི་མགོ་བསྐོར་ལ། །ཀྭ་བློ་གཏད་ཅིག་འདུག་གམ་མི་འདུག་སོམས། །”ཞེས་གསུངས་ཡོད་ལ། «ཨ་ལོག་པའི་ཤེས་པ་ཞེས་པའི་མགུར་»ལས་ཀྱང་། “བྱང་ཆུབ་སེམས་ཀྱི་གཤིས་ཡིན་ཀྱང་། །གྲངས་མེད་གསུམ་གྱིས་གཞན་ནས་འཚོལ། །ཨ་ལོག་པའི་ཤེས་པ་འདི་ཡི་རེ་མུག །འཁྲུལ་པའི་རྟོག་པ་འདིས་ང་རེ་བསླུས། །”ཞེས་གསལ་བར་བསྟན་པའི་ཕྱིར་ན། འདི་དག་ལ་དགོངས་པ་བཞེས་རྒྱུ་ནི་གནད་ཀྱི་དོན་པོར་གྱུར་ཡོད་དོ།།
ཚུལ་ཡང་དག་པ་འདི་ནི། ཇོ་བོ་བཀའ་གདམས་པས་ཀྱང་བཞེད་པར་གསལ་པོར་སྣང་སྟེ། «དགེ་བཤེས་པོ་ཏོ་བའི་དཔེ་ཆོས་ཀྱི་འགྲེལ་བ་»ལས་ཀྱང་། “འོ་ན་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། དུས་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསག་དགོས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སངས་རྒྱས་པའི་དུས་གྲངས་མེད་གསུམ་ངེས་པ་ཅན་དུ་འདོད་པ་འདི་ནི། ཐེག་པ་ཆུང་ངུ་དངོས་པོ་སྨྲ་བའི་ལུགས་ཡིན་ཏེ། འདིས་གང་ཟག་གི་བློ་ཕྱོགས་གཅིག་ཏུ་མ་ངེས་པས། སངས་རྒྱ་བའི་དུས་ལ་ངེས་པ་མེད་དེ། རྟག་ངུ་ནོར་བཟང་ལ་སོགས་བཞིན། །”ཞེས་སོ། །འཕགས་པ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བའ་ིཚེ། ཉིན་མོ་དང་མཚན་མོ་ཡིད་ལ་མ་བྱས། བཀྲེས་པ་དང་སྐོམ་པ་ཡིད་ལ་མ་བྱས། ཚ་བ་དང་གྲང་བ་ཡིད་ལ་མ་བྱས། ལུས་དང་སྲོག་ལ་མ་བལྟས་པར་བཙལ་ཞིང་བསྒོམས་པས། ཚེ་གཅིག་ལ་ལམ་བཞི་རྒྱུད་ལ་སྐྱེས་པ་ཡིན་གསུང་། ཚོང་དཔོན་གྱི་བུ་ནོར་བཟང་གིས། ཚེ་གཅིག་ལ་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་གཉིས་བསྟེན་ནས། དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་བཞིན་དུ་བརྩོན་འགྲུས་ཆེན་པོས་ནན་ཏན་བྱས་པས། ཚེ་གཅིག་གིས་དོན་ཐམས་ཅད་འགྲུབ་པ་ཡིན་གསུང་།
དེ་བཞིན་དུ། འཕགས་པ་ཀུན་དགའ་བོས་ཉིན་གཅིག་བསྒོམས་པས་འཕགས་པ་དགྲ་བཅོམ་པ་ཐོབ་པའི་གཏམ་རྒྱུད་དང་། སློབ་དཔོན་ལ་ཝ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་མའི་གདམས་ངག་བསྒོམས་པས། ནུབ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ལ་ོརྒྱུས་སྦྱར། དེར་མ་ཟད་དེ། དབུས་སུ་རྣལ་འབྱོར་པ་ཕྱག་ཁྲི་མཆོག་དགུང་ལོ་སུམ་ཅུ་པ་ལ། ཇོ་བོ་རྗེ་དང་མཇལ་ནས་གདམས་ངག་ཞུས་ནས་བསྒོམས་པའི་ཚེ་ན། ཇོ་བོའི་ཞལ་ནས། དུས་དེ་རིང་མིང་ཡིད་ལ་མ་བྱེད། རུས་ཡིད་ལ་མ་བྱེད་པར་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྒོམས་ཤིག་གསུངས་པས། ཁོང་གིས་ཀྱང་དེ་བཞིན་མཛད་པས། དགུང་ལོ་སུམ་ཅུ་སོ་ལྔ་པ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། རྩིག་པ་དང་ར་བ་ལ་ཐོགས་པ་མེད་པ་ཞིག་བྱུང་སྐད་ཅེས་གསུངས་ཡོད་པ་དང་། «ཡུམ་སྡུད་པ་»ལས་ཀྱང་། “ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་འཐོབ། །”ཅེས་དྲངས་ཏེ་བཀོད་འདུག་པས། མདོ་ལམ་ཚེ་གཅིག་སངས་རྒྱ་བ་སོགས་གནས་ལུགས་དངོས་ལ་བསྙེགས་ཡོད་པ་འདི་ཤེས་དགོས་སོ།།
དེས་ན་གངས་ཅན་གྲུབ་པའི་སྤྱི་མེས་«རྗེ་བཙུན་མི་ལས།» “མི་མངོན་ནམ་མཁའ་དབྱིངས་ཤིག་ན། རྫོགས་པའི་སངས་རྒྱས་ཞལ་བརྫུན་མཁན། །དྲང་དོན་གྱི་བསླུ་བྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཐ་སྙད་སྤོངས་ཤིག་རས་ཆུང་པ། །”ཞེས་གསུངས་པ་སྟེ། ཕྱིས་བྱུང་གི་གཞུང་རྣམས་ཀྱིས་དོན་ལ་མི་བསྙེགས་པར་བསྟན་པ་དང་། བཀའ་བརྒྱུད་གོང་མས་དུས་ཐུང་ཚེ་གཅིག་གིས་འཚང་རྒྱ་ཚུལ་ཡང་ཡང་གསུངས་པ་དང་། དེ་བཞིན་མདོ་ལུང་ལས་ཀྱང་བསྟན་ཡོད་ན། སྔགས་བླ་མེད་ཀྱིས་ཀྱང་སྨོས་ཅི་དགོས། དེས་ན་ཕྱིས་བྱུང་གཞུང་ལུགས་དབང་བཙན་པར་མ་བྱས་པར། གནས་ལུགས་དབང་བཙན་པར་བྱ་དགོས་ཏེ། གཙོ་བོར་རང་རེའི་ཆོས་པའི་ཁྲོད་དུ་ཚེ་འདིར་མཉེས་གཤིན་པའི་དབང་གིས་ལུང་དོན་ལ་འཆད་ཉན་ཙམ་དང་འདོན་སྒྲུབ་ཀྱི་གཟུགས་བརྙན་ཙམ་གྱིས་ཆོག་ཤེས་པར་གྱུར་པ་ལས། སྙིང་ཐག་པ་ནས་ཟབ་མོའི་ཏིང་ངེ་འཛིན་ལ་ཁོར་མོ་ཡུག་ཏུ་མཉམ་པར་བཞག་མཁན་མ་བྱུང་བར་ཐུག་ཡོད།
ཕྱོགས་གཞན་ནས་ལེགས་པར་བསམ་ན། གྲངས་མེད་གསུམ་གྱི་རྣམ་གཞག་ནི་གདོད་མའི་ནང་པའི་དགོངས་པ་མ་ཡིན་པར། ཉན་ཐོས་སྡེ་པ་དང་ཕྱི་རོལ་པ་དག་རང་རང་གི་སྟོན་པའི་ཆེ་བ་བརྗོད་ཚུལ་འགྲན་ཏེ། སྐྱེ་རབས་ཇེ་མང་དང་བསྐལ་པ་ཇེ་མང་དུ་བཏང་བའི་རྩོམ་རིག་གི་སྒྱུ་རྩལ་ལས་བྱུང་བའི་ཚུལ་དང་། ཕྱི་རབས་ཐེག་ཆེན་པས་ཀྱང་རབ་བཏགས་དེ་ཉིད་ས་ལམ་དང་སྦྱར་ནས་བཀྲལ་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་དེ་ཉིད་ཧ་ཅང་གི་ཐག་རིང་བའི་གནས་སུ་བསྐྱལ་བའི་གཏམ་གྱི་འཕེལ་རིམ་ཤེས་ན། སངས་རྒྱས་ཀྱི་གོ་འཕང་བྱ་བ་དེ་ཉིད་ས་ལ་འབབ་ཐུབ་པ་དང་། ཚང་མས་ལག་ལ་རེག་ཐུབ་པའི་གནས་ལུགས་མངོན་སུམ་པར་འགྱུར་རོ། །ཞིབ་ཆ་ནི་ལོགས་སུ་སྤྲོ་བར་བྱ་བ་ལས། ཉུང་ངུའི་ཚིག་གིས་མཚོན་པར་མི་ནུས་སོ།།
རབ་གནས་ཆུ་ཡོས་དྲུག་པའི་ཚེས་བཞི་ ༢༠༢༣/༧/༢༡ ལའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།