རྫ་ཚེ་རིང་བཀྲ་ཤིས།
སེར་ཤུལ་དགོན་པ་གྲྭ་ས་ཆེན་པོ་ཡིན། །
རི་བོ་དགེ་ལུགས་ཁྲོད་ན་མཚན་སྙན་ཡོད། །
ཁྱད་པར་བྱང་སྡེ་ཉི་མའི་ལུང་པ་ན། །
རྫ་ཆུའི་དགོན་པའི་ནང་གི་ཆེ་ཤོས་ཡིན། །
བཀའ་པོད་ལྔ་ཡི་སྦྱང་བ་དར་ཤོས་ཡིན། །
དགེ་ལུགས་པ་ཡི་དགོན་པ་ཡོད་ཚད་ལས། །
དཔལ་སྤྲུལ་ཚང་དང་འབྲེལ་བ་དམ་ཤོས་ཡིན། །
ལུང་རིགས་མཁས་པར་གྲགས་པའི་སྦྲ་ཆེན་པ། །
སེར་ཤུལ་དགོན་ནས་ཕེབས་པའི་མཁས་པ་ཡིན། །
མི་ཉག་ཡུལ་གྱི་མཁས་བཙུན་ཀུན་བསོད་ཞབས། །
སེར་ཤུལ་དགོན་ལས་ཐོན་པའི་དམ་པ་ཡིན། །
བདག་གི་དགེ་བའི་བཤེས་གཉེན་འདུལ་བ་འཛིན། །
འབུམ་རྙིང་མཁན་པོ་ཐུབ་དགའ་རིན་པོ་ཆེ། །
ཡང་དར་རྫ་རྒྱུད་བསྟན་པའི་རྒྱན་གཅིག་ཀྱང་། །
སེར་ཤུལ་དགོན་པས་བསྐྱངས་པའི་མཁས་པ་ཡིན། །
ལབ་ཆེན་བསྟན་རྒྱས་མར་ལ་ཕེབས་དུས་ནས། །
བཱ་ཐུལ་མཁན་པོ་ཚུར་ལ་འབྱོན་དུས་ནས། །
བོད་པ་སྤྲུལ་སྐུས་གྲྭ་སྐོར་གནང་དུས་ནས། །
སེར་ཤུལ་དགོན་འདི་ས་ཚིགས་རྩ་ཆེན་ཡིན། །
སེར་ཤུལ་དགོན་དུ་དཔལ་སྤྲུལ་སློབ་མ་ཡོད། །
སློབ་མའི་ཡང་སློབ་ད་དུང་བཞུགས་བཞུགས་ཡིན། །
སེར་ཤུལ་དགོན་དུ་མི་ཕམ་ཕེབས་མྱོང་ཡོད། །
མངོན་པ་མཛོད་ཀྱི་ལུང་སོགས་གསན་མྱོང་ཡོད། །
བོད་ལ་ཡོད་པ་སྲོལ་རྒྱུན་རིག་གཞུང་ཡིན། །
དེ་ཡི་འབྱུང་གནས་དགོན་པ་གྲྭ་ཚང་ཡིན། །
སེར་ཤུལ་དགོན་ཆེན་གནའ་ནས་ད་བར་དུ། །
མིང་དོན་མཚུངས་པའི་ཐེག་ཆེན་དར་རྒྱས་ཡིན། །
དྲེལ་དཀར་སྤྲུལ་སྐུ་བློ་གྲོས་རབ་གསལ་གྱིས། །
སྐུ་སྐྱེ་རྗེས་མར་སེར་ཤུལ་དགོན་ནང་དུ། །
སྐྱེ་བ་བཞེས་རྒྱུའི་ཐུགས་འདུན་གནང་མྱོང་ཚུལ། །
ཆུང་ངུའི་དུས་ནས་རྒན་པའི་ངག་ལས་ཐོས། །
ཡང་དར་བསྟན་པའི་མེ་རོ་གསོ་དུས་ཀྱང་། །
བསླབ་པའི་མེ་ཏོག་མ་རྙིང་བཙུན་པ་དང་། །
རིགས་པའི་མདུང་ཡུ་མ་ཆག་མཁས་པ་སྟེ། །
བསྟན་པའི་རྒྱན་གྱུར་མང་ཞིག་འདི་ན་མཆིས། །
ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་གྱི། །
ཐུགས་བསྐྱེད་མཛད་པའི་ཉི་འོད་ཤར་བ་ལས། །
བཤད་དང་སྒྲུབ་དང་ལས་ཀྱི་འཁོར་ལོ་ནི། །
སྤྱི་ཚོགས་རྙིང་པ་ལས་ཀྱང་ལྷག་པར་དར། །
མི་མང་སྤྱི་ལ་ཕན་པའི་སྨོན་ལམ་དང་། །
བསྟན་པ་ཡོངས་ལ་གཅེས་པའི་ཐོས་བསམ་སོགས། །
ཕྱོགས་རེ་ཙམ་མིན་སྣ་ཚོགས་མཛད་བཟང་གིས། །
གངས་ལྗོངས་བསྟན་འགྲོར་ཕན་པ་མང་དུ་བསྐྲུན། །
ཡོངས་ཀྱི་བཤེས་གཉེན་འབུམ་རྙིང་ཚུལ་ཁྲིམས་དང་། །
མཁས་བཙུན་བཟང་པོའི་དཔལ་མངའ་བཀྲ་བསོད་སོགས། །
སེར་ཤུལ་དགོན་པས་བསྐྱངས་པ་དུ་མ་ཞིག །
བསྟན་པའི་སྲོག་ཤིང་ལྟ་བུར་བཞུགས་པས་དགའ། །
གཞི་བྱེས་གཉིས་ཀྱི་སེར་ཤུལ་མང་པོ་ཞིག །
ང་ཡི་སེམས་དང་བར་ཐག་ཤིན་ཏུ་ཉེ། །
ང་ཚོ་ཡང་ན་ང་ཚོའི་ཕྱི་རབས་པ། །
ཚང་མས་དེ་ལྟར་སེམས་ཀྱིས་བར་ཐག་བསྟུང་། །
རྒྱལ་བའི་བསྟན་པ་དགེ་འདུན་སྡེ་ལས་དར། །
རྒྱལ་བསྟན་དར་ན་འགྲོ་ལ་བདེ་སྐྱིད་འབྱུང་། །
དེས་ཀྱང་ཁ་ཙམ་མིན་པའི་མོས་གུས་ཀྱིས། །
སེར་ཤུལ་དགོན་ལ་བསྔགས་པའི་ལྷ་དར་འབུལ། །
ཉེ་བའི་གྲོགས་ཀྱིས་རྩེད་མོའི་ཚུལ་དུ་བསྐུལ། །
ཁོ་བོས་འཚིག་ཇ་འཐུང་ཞོར་ཡུད་ཀྱིས་བྲིས། །
ཚིག་གི་སྦྱོར་བ་ལེགས་མིན་མ་ཤེས་སྟེ། །
སེམས་ཀྱི་འདུན་པ་ལྷག་པའི་བློ་ཡིས་ཡིན། །
དགོན་ས་བཏབ་ནས་ལོ་ངོ་སུམ་བརྒྱ་དང་། །
ཡང་དར་ཆོས་སྒོ་ཕྱེས་ནས་བཅུ་ཕྲག་བཞིའི། །
དགའ་སྟོན་ཆོས་ཀྱི་ཡོ་ལང་འགྱེད་པའི་སར། །
དྲི་མེད་ཚིག་གི་ལྷ་དར་ཕུལ་བ་ཙམ། །
སླད་ཀྱང་གངས་ལྗོངས་རྒྱལ་བསྟན་གནས་ཀྱི་བར། །
བཤད་དང་སྒྲུབ་དང་ལས་ཀྱི་འཁོར་ལོ་ཡིས། །
བསྟན་པ་སྤྱི་དང་འཇམ་དཔལ་སྙིང་པོ་ཡི། །
དྲི་མེད་རང་ལུགས་འཛིན་པས་བརྟན་གྱུར་ཅིག །
སྤྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༥ ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོར་འཕྲལ་བྲིས་སོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།