རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 21 March 2023

ཁྱེད་རང་དངོས་གནས་སུ་རེད།

དོལ་པོ་ཤེས་རབ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ།)


དུས་འགྱུར་རླུང་ནག་འཚུབ་དུས།།
མེ་མདའི་དྲག་ཆར་ཁྲོད་ནས།།
གཡུལ་ལས་རྒྱལ་བའི་དཔའ་བོ།།
ཁྱེད་རང་དངོས་གནས་སུ་རེད།།

ཆ་མེད་གཞན་ཡུལ་ལུང་པར།།
རྒྱུས་མེད་གསར་འབྱོར་སྡུག་དུས།།
ཤི་གསོན་གཉིས་ཀའི་དེད་དཔོན།།
ཁྱེད་རང་དངོས་གནས་སུ་རེད།།

ཟས་གོས་རག་ལ་མི་རག།
རང་མགོ་སུ་ཐོན་ལྟ་དུས།།
བསྟན་དོན་ཁོ་ན་མཛད་མཁན།།
ཁྱེད་རང་དངོས་གནས་སུ་རེད།།

ཆོས་མིན་སྲིད་མིན་གང་ཡིན།།
མགོ་བདེ་དྲན་འཕྲུལ་ཅན་ཚོའི།།
ངན་གཡོའི་རྒྱ་རུ་མ་ཚུད།།
ཁྱེད་རང་དངོས་གནས་སུ་རེད།།

ཕ་ཁྱིམ་གཞན་ལག་ཤོར་ནས།།
རས་གུར་ནང་ལ་བཞུགས་དུས།།
སིདྡྷི་དུང་སྒྲུབ་འཛུགས་མཁན།།
ཁྱེད་རང་དངོས་གནས་སུ་རེད།།

རྫ་མའི་ཁང་པ་ཆུང་ཆུང་།།
གཟིམས་ཁང་མཛད་ནས་བཞུགས་སྐབས།།
དགོན་ཆེན་འདི་འདྲ་བཞེངས་པ།།
ཐུགས་ལ་འཁོར་མཁན་སུ་རེད།།

ས་དེ་མི་འཕྲོད་གཞན་རེད།།
ཆུ་དེ་མི་འཕྲོད་གཞན་རེད།།
གཞན་ཡང་གཞན་ལ་རེ་དགོས།།
ཐུགས་སྟོབས་མ་ཞུམ་དཔེ་རེད།།

རང་ལ་འདང་ངེས་མེད་ཀྱང་།།
ད་དུང་གཞན་ལ་གནང་མཁན།།
རང་དོན་གཞན་དོན་འཛོལ་བའི།།
ཁྱེད་རང་དངོས་གནས་སུ་རེད།།

ཀླ་ཀློས་བསྟན་པ་སྣུབ་དུས།།
ཁྱེད་རང་ཁོ་ན་བྲེལ་བ།།
བསྟན་དང་འགྲོ་བའི་དོན་ཆེན།།
ཁྱེད་རང་ཁོ་ནས་བཞེས་སམ།།

བླ་བྲང་ཡིག་ཚང་མེད་སྐབས།།
ཕྱག་མཛོད་དངུལ་གཉེར་མེད་སྐབས།།
བཤད་སྒྲུབ་བསྟན་པ་འཛུགས་པའི།།
ཐུགས་བསྐྱེད་གང་ནས་འཁྲུངས་སམ།།

དགེ་རྒན་ཡོད་པའི་དུས་ན།།
དགེ་ཕྲུག་མེད་པའི་འོ་བརྒྱལ།།
འོ་བརྒྱལ་ཅི་འདྲའི་ཆེ་ནའང་།།
བཤད་སྒྲུབ་བསྟན་པ་སྤེལ་ལམ།།

དགེ་ཕྲུག་ཡོད་པའི་དུས་ན།།
དགེ་རྒན་མེད་པའི་འོ་བརྒྱལ།།
འོ་བརྒྱལ་གཅིག་མཐུད་གཉིས་མཐུད།།
ཁྱེད་རང་དངོས་གནས་སུ་རེད།།

གྲྭ་མང་འཚོ་བའི་མཐུན་རྐྱེན།།
ཉིན་རེ་ཉིན་རེར་སྒྲུག་དུས།།
བླ་མ་འོ་མའི་ཚོང་པ།།
ཁྱེད་རང་དངོས་གནས་སུ་རེད།།

མཚམས་རེར་འོ་མ་རུལ་ནས།།
འོ་རིན་མེད་ནས་ཕེབས་དུས།།
མཚན་མོའི་མནལ་ཐབས་ཆག་མཁན།།
ཁྱེད་རང་དངོས་གནས་སུ་རེད།།

ཐོ་རེངས་བྱ་ཕོ་མིན་ལ།།
མཚན་མོའི་རྟ་ཕོ་མིན་ཡང་།།
སྔ་ལངས་ཕྱི་ཉལ་གནང་མཁན།།
ཁྱེད་རང་དངོས་གནས་སུ་རེད།།

ས་ཆ་རྒྱ་གར་ལུང་པར།།
ཉིན་མོའི་ཚ་གདུག་ནང་དུ།།
ཕྱི་ལྤགས་ཞུས་པའི་ཨར་པ།།
ཁྱེད་རང་དངོས་གནས་སུ་རེད།།

ཐན་དང་མུ་གེའི་འཇིགས་པས།།
ཞིང་པའི་བསོད་ནམས་ཟད་དུས།།
ཆར་པ་བླ་མར་འབོད་པ།།
ཁྱེད་རང་དངོས་གནས་སུ་རེད།།

ཐབ་ཚང་ནང་ལའང་ཁྱེད་ཡོད།།
གྲྭ་ཕྲུག་ཁྲོད་ནའང་ཁྱེད་ཡོད།།
གང་དང་གང་དུའང་ཁྱེད་ཡོད།།
ཁྱེད་རང་དངོས་གནས་སུ་རེད།།

     ༸སྐྱབས་རྗེའི་གྲུབ་དབང་པདྨ་ནོར་བུའི་དགོངས་རྫོགས་དུས་དྲན་ཉིན། ༢༠༢༣/༠༣/༢༢ 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།