རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 28 October 2023

“ང་ཚོས་རང་རྒྱུད་གྲོལ་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས།”

སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བྱིན་ཅན། 

གསུང་པ་པོ།: མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ། 
ཡིག་འབེབས་པ།: ཤེས་རབ་འོད་འབར། (དོལ་སྨྱོན།) 
གསུང་ས།: སྔ་འགྱུར་མཐོ་སློབ་ཆེན་མོར། 
གསུང་དུས།: ༢༠༢༣-༡༠-༡༧ ཉིན། 


དེ་རིང་གི་དུས་ཚོད་ཁྱད་པར་ཅན་འདི་ལ། ང་རང་གི་ངོས་ནས་དུས་བཟང་འདིར་བཅར་ཐུབ་པར་ཧ་ཅང་གིས་དགའ་བོ་བྱུང་། འདས་པའི་ལོ་རྒྱུས་སོགས་མང་པོ་ཞིག་ཞུས་ན་ཞུ་རྒྱུ་ཡོད་པ་འདྲ་རེད་མོད། ཕལ་ཆེར་བརྗེད་ངས་ཀྱི་དབང་དུ་གྱུར་ནས་ད་ལྟ་མང་པོ་ཞིག་དྲན་གྱི་མེད་དུས་ང་ལ་མང་པོ་ཞུ་རྒྱུ་གང་ཡང་མེད། 

     དེ་ནས་ཐོག་མར་འདིར་ཕེབས་པའི་ཆོས་སྡེ་ཁག་གི་འགན་འཛིན་རྣམ་པ་དང་སློབ་གཉེར་བ་རྣམ་པ། གཞན་ཡང་དགོན་པའི་ཕྱི་ནང་གི་ཕྱག་ལས་གནང་མཁན་ཐམས་ཅད་ཀྱིས་དབུས། འདིར་འདུས་བཙུན་པ་དང་བཙུན་མ་ཐམས་ཅད་ལ། ཐོག་མར་ངའི་ངོས་ནས་དགའ་སེམས་འཁོལ་བའི་ཐོག་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

     སྤྱིར་བཏང་ལས་ཤོག་འདིའི་ཐོག་ལ། སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཞེས་སྔ་འགྱུར་རྙིང་མའི་ལྟ་གྲུབ་ཀྱི་མིང་ཞིག་ཡོད་དུས། ང་ཚོས་སྔ་འགྱུར་ཟེར་བ་དེ་ཐོག་མར་ཇི་ལྟར་བྱུང་བའི་སྐོར་ལ། བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ལོས་ཡིན་བསམ་གྱི་འདུག བོད་གངས་ཅན་གྱི་ལྗོངས་སུ་སྤྱི་མཐུན་བསོད་ནམས་ཀྱི་སྟོབས་ཀྱིས། དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་བཟུང་སྟེ། ཐོག་མར་སངས་རྒྱས་ཀྱི་ཆོས་ཚུལ་བོད་ལ་དར་བའི་དབུ་ཚུགས་པ་རེད། ཁྱད་པར་དུས་རབས་བརྒྱད་པའི་སྐབས་སུ། མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས། ཡོངས་གྲགས་ལ་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི། སྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སྐབས་ནས། དེ་ཡོངས་སུ་རྫོགས་པ་བདག་པོ་རྒྱག་ཐུབ་མཁན་དེ། བོད་གངས་ཅན་ལྗོངས་འདི་ཆགས་བཞག དེའི་ཐུགས་བསྐྱེད་བླ་ན་མེད་པ་དེའང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཁོང་གི་བཀའ་དྲིན་ཡིན་པ་དེ་ང་ཚོས་བརྗེད་མི་ཉན་པ་རེད་འདུག 

     དེའི་སྐབས་སུ། རྒྱ་གར་འཕགས་པའི་ཡུལ་ན། པཎ་ཆེན་བི་མ་ལ་མི་ཏྲའི་རྣམ་ཐར་ལ་བསམ་བློ་བཏང་བ་ཡིན་ན། ཡོངས་གྲགས་ལ། ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལ།། ཞེས་གསུངས་པ་ལྟར། པཎྜི་ཏ་གཅིག་ལས་གཅིག་མཁས་པ་ལྔ་བརྒྱ་ལྷག་ཙམ་འཛོམས་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། མཁན་པོ་བོ་དྷི་ས་ཏྭའི་སྐབས་ནས་བསྒྱུར་བ་ཡིན་དུས། གཞན་དང་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་དེ་རྗེས་དཔག་ཚད་མས་དཔོག་ཐུབ་ཀྱི་འདུག 

     དེ་ནས་དུས་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། བོད་གངས་ཅན་གྱི་ལྗོངས་སུ་སྤྱི་མཐུན་བསོད་ནམས་ཀྱི་སྟོབས་ཀྱིས། གུ་རུ་རིན་པོ་ཆེ་བོད་ལ་ཕེབས། ཁྱད་པར་དུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བླ་ན་མེད་པའི་མན་ངག་སྤེལ་བ་ནས་བཟུང་སྟེ། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་གྲུབ་པ་མང་པོ་ཞིག་བར་མ་ཆད་དུ་བྱུང་བ་རེད། དེ་ནས་བརྒྱུད་པའི་ལུང་རྟོགས་ཀྱི་བསྟན་པ་ཟེར་ནའང་འདྲ། གང་ལྟར་ཉམས་ལེན་གྱི་གནད་ཚང་བ་དེ་དག ང་རང་ཚོས་དུས་ད་ལྟའི་བར་དུ་རྗེས་ཟློས་བྱེད་པ་དང་ཁ་ནས་བཤད་བསྡད་པ་དེ། དེ་འདྲའི་བརྒྱུད་པ་ཞིག་ཡིན་པ་ཤེས་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ཆགས་བཞག

     དེ་ལས་གལ་ཆེ་བ་ཞིག་ལ་བསམ་བློ་བཏང་བ་ཡིན་ན། དཔེར་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྔོན་དུ་སྲོང་བཙན་སྒམ་པོས། ཆོས་སྒོར་བཞུགས་པའི་གྲྭ་བཙུན་ཙམ་མིན་པར། བོད་གངས་ཅན་ལྗོངས་ཀྱི་འགྲོ་བ་ཡོངས་སུ་རྫོགས་པ་དག་ལ། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པའི་སྐད་ཆ་འདུག་ག དེའི་སྐབས་སུ་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་སུ་རྫོགས་པ་ལ། བླང་དོར་གྱི་བསླབ་བྱ་བསྟན་ནས་དག་པོ་བརྒྱབ་པ་དེ་རྗེས་དཔག་ཚད་མས་དཔོག་ཐུབ་ཀྱི་འདུག

     ཡིན་ནའང་སྟབས་ཉེས་པ་ཞིག་ལ། གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཏེ་བོད་སིལ་བུར་འཐོར་བ་ནས་བཟུང་། ཡོངས་གྲགས་ཀྱི་སྒོ་ནས་བོད་ལ་ཆབ་སྲིད་ཀྱི་བཀའ་བཀོད་གཏོང་མཁན་ཞིག་མེད་པ་ཆགས་བཞག དེ་ལ་བརྟེན་ནས་བོད་གངས་ཅན་གྱི་ལྗོངས་ལ། ད་ལྟ་ཡོངས་སུ་གྲགས་པའི་ས་སྐྱ། བཀའ་རྒྱུད། དགེ་ལུགས། རྙིང་མ་ཞེས་ཟེར་བའི་རང་རང་སོ་སོའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཚད་ལྡན་དག་གིས་སྲོལ་བཏོད་བཞག་པའི་དོན་དེ། གཅེས་འཛིན་བྱས་ནས་དེ་དང་འབྲེལ་བ་ཞིག་རྒྱུན་སྐྱོང་བྱས་བསྡད་པ་ལས། བོད་གངས་ཅན་ལྗོངས་ཀྱི་འགྲོ་བ་ཡོངས་ལ་སློབ་སྟོན་བྱེད་མཁན་ཞིག་ཕལ་ཆེར་བྱུང་མེད་པ་འདྲ་འདུག

     ཡིན་ནའང་ད་ལྟ་ང་ཚོར་བསོད་ནམས་ཀྱི་སྐལ་བའི་སྟོབས་ཀྱིས། ༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། བོད་གངས་ཅན་པའི་སྐྱེ་འགྲོ་ཡོངས་ལ། གཞུང་ལུགས་རྒྱ་ཆེན་པོར་སློབ་སྦྱོང་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ནང་བཞིན་ཞིག དེ་སྔའི་སྐུ་འཕྲེང་རིམ་བྱོན་དང་། བོད་ཀྱི་ཆབ་སྲིད་འཛིན་མཁན་སུས་ཀྱང་དེ་འདྲའི་སློབ་སྟོན་གནང་ཐུབ་མེད་པ་དེ་ངོ་ཤེས་པའི་ཐོག་ནས། ཁོང་གི་བཀའ་སློབ་དག་ལ་དང་ལེན་བྱེད་དགོས་རྒྱུ་དང་། བོད་གངས་ཅན་གྱི་འགྲོ་བ་སྐྱ་སེར་སུ་ཡིན་ནའང་། ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་བ་ཡིན་ན། ཁོ་རང་ལ་དམིགས་བསལ་གྱི་སྡོམ་པ་ཞུ་རྒྱུ་ཡོད་རེད། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་བྱེད་པ་ལ། སྔོན་དུ་དབང་ཐོབ་དགོས་པ་རེད། དེ་མ་ཡིན་པའི་ཡོངས་སུ་གྲགས་བསྡད་པའི་གཞུང་བཀའ་པོད་ལྔ་ཟེར་བ་དེ་ཚོར། སྐྱ་སེར་དང་ཕོ་མོ་ཁྱད་མེད་པའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དེ་དངོས་པོའི་ཆོས་ཉིད་རེད། 

     ཡིན་ནའང་ཡོངས་ཁྱབ་ལ་སློབ་སྟོན་བྱེད་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས། བོད་གངས་ཅན་གྱི་ལྗོངས་ན་ཁྱིམ་པ་ཐམས་ཅད་ཀྱིས། ཆོས་དང་ཆོས་ལུགས་གྲུབ་མཐའ་ཟེར་བ་དེ་ཚོ། གྲྭ་ཆས་གྱོན་དགོས་པ་དང་སྐྲ་གཏུབ་དགོས་པ། ཡང་ན་ཤམ་ཐབས་དཀར་པོ་གྱོན་དགོས་པ་སྟེ། དེ་ཚོའི་ལས་ཀ་ཡིན་པ་མ་གཏོགས། མི་སྐྱ་ཕོ་མོ་ཚོས་དེ་ལ་ཇུས་གཏོགས་མེད་པའི་བསམ་བློ་འཁོར་གྱི་ཡོད་པ་དེ་ཚོ། དབུ་འཁྲིད་མཁན་དག་གིས་སློབ་སྟོན་བྱེད་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས། བོད་མི་མང་ཡོངས་རྫོགས་ལ་སྤྱི་ཡོངས་ཀྱི་སྟེང་ནས། གྱོང་གུད་ཆེན་པོ་ཞིག་ཐེབས་ཡོད་པ་དེ་དངོས་པོའི་ཆོས་ཉིད་ཅིག་ཆགས་བཞག དེ་ཚོའང་ང་ཚོས་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་འདུག 

     དེ་ནས་དེ་རིང་ང་ཚོས་རྙིང་མའི་ལྟ་བ་དང་གྲུབ་མཐའ་ཞེས་པའི་རྙིང་མའི་ལྟ་བ་དེ་མདོར་བསྡུས་ན། གཞི་ལམ་འབྲས་གསུམ་གང་གི་སྐབས་སུའང་ཟུང་འཇུག་ཁོ་ནས་གྲུབ་མཐའ་སྐྱོང་བ་ཟེར་བ་དེ་རེད། རྙིང་མའི་ལྟ་བ་ཟེར་བ་དེ། སྤྱིར་བོད་གངས་ཅན་གྱི་ལྗོངས་ཀྱི་ནང་པ་སངས་རྒྱས་པ་ཡོངས་ཀྱི་ལྟ་གྲུབ་ཡིན་པ་མ་གཏོགས། རྙིང་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཕལ་ཆེར་ཆགས་ཀྱི་མ་རེད་བསམ་གྱི་འདུག ཁྱད་པར་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས་ལྟ་བའི་མཚན་ཉིད་འཇོག་དུས།  གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པའི་བློ། ཞེས་གསུངས་པ་ལྟར། མཐའ་གཅིག་ཏུ་ངེས་པར་འཛིན་པའི་ངེས་ཤེས་ཤིག་ལ་བཤད་ཀྱི་འདུག་ག ལྟ་བ་དང་གྲུབ་མཐའ་ཟེར་བ་དེ། གང་ལྟར་ལྟ་བས་གཏན་ལ་ཕབ་པའི་དོན་དེ་ལ་ཁས་ལེན་གྱི་སྟེང་ནས་གྲུབ་མཐའ་ཞེས་བཞག་པ་རེད།

     དཔལ་སྤྲུལ་རིན་པོ་ཆེས། བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས། གསུངས་པ་ནང་བཞིན་ང་ཚོ་ལ་ཐག་གཅོད་ས་ཞིག་དགོས་པ་ཡིན་དུས། ག་རེ་ཐག་གཅོད་དགོས་རེད་ཟེར་ན། མི་ཚེ་གང་པོར་ཐོས་བསམ་སློབ་གཉེར་གང་བྱས་པ་དེས། ང་ཚོའི་རང་རྒྱུད་གྲོལ་བ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་རེད། དོན་མདོར་བསྡུས་ན། རང་རྒྱུད་ཀྱི་ཉོན་མོངས་པ་གྲོལ་མ་ཐུབ་པ་ཡིན་ན། ང་ཚོས་ཁ་བདེ་བོ་ག་ཚོད་བཤད་བསྡད་པ་ཡིན་ནའང་། དེ་དག་ཚང་མ་ཚིག་ཙམ་ཞིག་རེད་མ་གཏོགས། དོན་ལ་གྲུབ་འབྲས་ཐོན་རྒྱུ་དཀའ་ལས་ཁག་པོ་ཡིན་པ་དངོས་པོའི་ཆོས་ཉིད་རེད་བཞག 

     མདོ་སྔགས་རིག་གཞུང་གང་ལའང་སློབ་སྦྱོང་བྱས་པའི་དོན་དེ། ང་ཚོ་འགྲོ་བ་གཞན་ལས་ཁྱད་དུ་འཕགས་པའི་མི་ལུས་ཡིན་དུས། མིའི་རྣམ་དཔྱོད་དང་མིའི་ལུས་རྟེན་གཉིས་ལྷན་དུ་ཚོགས་པ་དེ། གཞན་ལས་ནུས་པ་ཆེ་བ་ཡིན་པ་ཤེས་པའི་ཐོག་ནས། སྤང་བྱ་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་ཐུབ་པའི་བསམ་བློ་ཞིག་གཏོང་མ་ཐུབ་ན། ང་ཚོས་གང་བཤད་བསྡད་པ་ཚང་མ་སྟོང་བཤད་ཁོ་ན་ཡིན་པ་དངོས་པོའི་ཆོས་ཉིད་རེད། དེ་འདྲའི་དབང་དུ་མ་སོང་བའི་ཐོག་ནས་རང་གི་རྒྱུད་གྲོལ་བར་བྱེད་པའི་ཐབས་དེ་ལ། ང་ཚོས་ལྟ་བ་ཤོད་ཀྱི་ཡོད་རེད། དེ་ཉམས་ལེན་བྱེད་དགོས་ཀྱི་ཡོད་རེད། ལྟ་བས་གྲོལ་དགོས་པ་རེད་མ་གཏོགས། བཤད་པས་གྲོལ་ཐུབ་ཀྱི་མ་རེད། ང་ཚོས་ཚུར་མཐོང་ཚད་མའི་སྒོ་ནས་གཏན་ལ་ཕབ་པ་ཙམ་ཞིག་གིས། དོན་སྤྱི་བློ་ཡུལ་དུ་བྱས་པ་ཡིན་དུས་དེ་ཙམ་ཁུངས་འཁྱོལ་གྱི་མི་འདུག་ག

     མདོར་བསྡུས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་པ་ཤ་སྟག་ཡིན་དུས། རང་གིས་ཉམས་སུ་ལེན་བྱའི་ཆོས་དེ། རང་གི་གཤིས་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པ་དེ་ངོ་ཤེས་པའི་ཐོག་ནས། རང་རྒྱུད་ཀྱི་གློ་བུར་འཁྲུལ་བའི་བག་ཆགས་ལས་གྲོལ་བར་བྱེད་པའི་ཐབས་ལ་ལག་ལེན་བསྟར། ངེས་པ་རྙེད་ཐུབ་པ་བྱུང་ན། དེ་དུས་ལྟ་གྲུབ་ཀྱི་གནད་ལ་ངེས་ཤེས་རྙེད་ཐུབ་པ་བྱུང་རེད། 

     ཆོས་སྡེ་འདི་ལ་མཚོན་ན། སྔོན་མ་དྲུག་ཅུ་རེ་ལྔ་དེ་བ་ལ། འདིར་སྟག་དང་གཟིག་གླང་ཆེན་སོགས་འགྲོ་སའི་ས་ཆ་ཞིག་རེད། དེ་འདྲ་ཞིག་ལ་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག མཆོད་མེ་རླབས་རིས་འོག་ལ་མ་བཞུགས་པར། འདིར་ཞབས་ཀྱིས་བཅགས་པའི་ཐུགས་བསྐྱེད་བཀའ་དྲིན་ལ་བརྟེན་ནས། ང་ཚོ་ད་ལྟའི་སྐབས་འདིར་བོད་གངས་ཅན་ལྗོངས་དང་། དེའི་རི་རྒྱུད་གངས་རི་དང་འབྲེལ་བའི་ནང་པ་སངས་རྒྱས་པ་ཡོངས་སུ་རྫོགས་པ་ལ། བསོད་ནམས་ཀྱི་སྐལ་བར་བསྐྲུན་པ་ཞིག་ཡིན་པ་དེ་ཤེས་པའི་ཐོག་ནས། སྐྱབས་རྗེ་རིན་པོ་ཆེས་ལམ་གང་བསྟན་པ་དེ། ང་ཚོས་ཁ་སྟོང་དང་ཚིག་སྟོང་ཙམ་དུ་མ་སོང་བར། དོན་གྱི་གནད་ལ་ལག་ལེན་དུ་བསྟར་ཐུབ་པ་ཞིག་བྱུང་ན། དེ་དུས་རྙིང་མའི་ལྟ་གྲུབ་བཤད་ནའང་འདྲ་མ་བཤད་ནའང་འདྲ། དོན་ལ་འགྲིག་བསྡད་ཡོད་རེད་བསམ་གྱི་འདུག

     བཤད་པའི་ཐོག་ལ་བསམ་བློ་བཏང་ན། ལོ་མང་པོའི་རིང་ལ་ངའང་འདི་ནས་དཀའ་ལས་རྒྱབ་མྱོང་མཁན་ཞིག་དང་བསམ་བློ་གཏོང་མྱོང་མཁན་ཞིག་ཡིན། དེ་ཡིན་དུས། ང་ཚོས་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་སྦྱོང་རྒྱ་ཆེན་པོ་བྱེད་དགོས་ཀྱི་ཡོད་རེད། ཡིན་ནའང་། ལོ་དགུ་བཅུ་ཙམ་ལ་སློབ་སྦྱོང་བྱས་ཡོང་དུས། མི་ཚོས་ཁ་བདེ་པོ་ཆགས་འདུག་ཟེར་གྱི་ཡོད་རེད་ལ། ཁ་བདེ་བོ་ཆགས་ཡོད་པ་ཏན་ཏན་རེད། ཡིན་ན་ཡང་། ང་ཚོར་སྐྱོན་གྱི་ཕྱོགས་དེ་ག་རེ་འདུག་ཟེར་ན། ཉམས་ལེན་བྱས་པའི་ཐོག་ནས། རང་གིས་བདག་པོ་བརྒྱབ་ནས། གང་ལྟར་དེ་སྔ་ཕན་ཆོད་ལ། གྲུབ་རྟགས་ཐོན་མཁན་གཅིག་ཀྱང་བྱུང་མ་སོང་ཞུ་རྒྱུ་ཡིན། དེ་འདྲ་ཡིན་དུས་ང་ཚོ་བློ་འགྱོད་སྐྱེ་ས་གཅིག་དེ་རེད་བཞག

     གང་ལྟར་དེ་ཐམས་ཅད་ཀྱི་དོན་དེ་ལག་ལེན་གྱི་ཐོག་ནས་མདོར་བསྡུས་ན། རང་གི་ཤེས་རྒྱུད་གྲོལ་ཐུབ་པ་བྱེད་རྒྱུ་དེ་རེད་བཞག ཐར་པའི་གོ་འཕང་ཟེར་བ་དེ་ཕྱི་རོལ་ནས་འཚོལ་མི་དགོས་པ་བྱས་ནས། ཁམས་བདེ་བར་གཤེགས་པ་དེ་རང་ལ་ཡོད་པ་ཡིན་ཙང་། དེ་མངོན་དུ་གྱུར་པའི་ཐབས་ལ། རང་གིས་འབད་བརྩོན་བྱེད་དགོས་པ་མ་གཏོགས། གཞན་ཐབས་ཤེས་གང་ཡང་མེད་པ་དེ་དངོས་པོའི་ཆོས་ཉིད་རེད། དེ་འདྲ་ཡིན་དུས་རྙིང་མའི་ལྟ་བ་དང་གྲུབ་མཐའ་གང་ཞིག་བཤད་ནའང་། ལྟ་བའི་དོན་དེ་རང་གི་ཤེས་རྒྱུད་ལ་ངེས་ཤེས་སྐྱེས་པའི་སྒོ་ནས་ཉམས་ལེན་བྱས། ཉམས་ལེན་བྱས་པའི་ཐོག་ནས། སྐྱེ་བ་ཕྱི་མ་དང་བར་དོར་འགྲིམས་མི་དགོས་པ་ཞིག་བྱུང་བ་ཡིན་ན། དངོས་གནས་དྲང་གནས་སངས་རྒྱས་ཀྱི་བསྟན་པའམ་ལུང་རྟོགས་ཀྱི་བསྟན་པ་གནས་པ་རེད་ཅེས་ཐག་གཅོད་ཐུབ་པ་རེད་བསམ་གྱི་འདུག 

     དེ་མ་གཏོགས་ལུང་གི་བསྟན་པ་སྡེ་སྣོད་གསུམ་ལ་སོགས་པའི་གཞུང་ལུགས་དག མར་ཤོད་ཤེས་པ་ཞིག་ཆགས་ཀྱི་རེད། དེ་ཙམ་གྱིས་ཁུངས་འཁྱོལ་གྱི་མི་འདུག མི་ཚེ་འདི་གཅིག་པུ་ལ་བསམ་བློ་བཏང་བསྡད་ནའང་འགྲིག་གི་མི་འདུག ང་ཚོ་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་པའི་གང་ཟག་ཡིན་དུས། རང་གཞན་སེམས་ཅན་ཐམས་ཅད་གྲོལ་ཐུབ་པའི་ཆེད་དུ། རྟོགས་པས་བདག་རྒྱུད་གྲོལ་བ། ཟེར་ཡོང་དུས། རྟོགས་པས་བདག་གྲོལ་སོང་ན་ཐུགས་རྗེས་གཞན་གྲོལ་བ་ལ་དཀའ་ལས་གང་ཡང་མེད་པ་དེ་དངོས་པོའི་ཆོས་ཉིད་རེད། རྟོགས་པས་བདག་རྒྱུད་གྲོལ་བ་གནང་རྒྱུ་དེར།  ང་ཚོས་འཐུས་ཤོར་འགྲོ་གི་ཡོད་དུས། དེའི་ཐོག་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག 

     ང་ཚོས་ཐུན་མིན་ལྟ་གྲུབ་ཀྱི་སྐོར་ལ་རྩོད་པ་མང་པོ་བྱེད་ཀྱི་རེད་དེ། རྩོད་པ་བྱས་པའི་དོན་དེ་རང་གི་རྒྱུད་ལ་ངེས་ཤེས་སྐྱེ་ཐུབ་པ་ཞིག་བྱུང་ན། ལྟ་གྲུབ་ལ་བསམ་བློ་བཏང་བའི་དོན་གོ་ཆོད་པ་རེད། དེ་མ་བྱུང་བར་ཚིག་གི་བརྗོད་ཚུལ་ཙམ་དང་འགྲེལ་སྟངས་ཙམ་གྱི་སྟེང་ནས། ཚིག་ཁོ་རང་རྣམ་རྟོག་ལས་བྱུང་། རྣམ་རྟོག་གི་སྒོ་ནས་ཡུལ་ལ་འཇུག་ནས། མིང་ཞིག་བརྗོད་ཡོང་དུས་དེ་རང་གི་ངོ་བོ་འཛིན་བྱ་དེ་རེད། དེ་དང་རིགས་འགྲེས་དག་བདག་པོ་རྒྱབ་ནས། དེ་མ་ཡིན་པ་ཐམས་ཅད་དགག་འགྲོ་གི་ཡོད་རེད། དེ་འདྲ་བྱས་ནས་རྣམ་རྟོག་གི་རྭ་བས་བསྐོར་བ་བརྒྱབ་བསྡད་པ་ཡིན་ན། ཐོག་མེད་ནས་འཁོར་བར་འཁྱམས་འཁྱམས་པ་རེད་ལ། ད་དུང་ཡང་འཁྱམས་སྡོད་རྒྱུ་རེད་མ་གཏོགས། གཞན་ཅང་ཡོད་མ་རེད། དེ་ཤེས་པའི་ཐོག་ནས། གང་ལྟར་ང་ཚོར་ཡོངས་གྲགས་ལ། ཐག་གཅིག་ཐོག་ཏུ་བཅད། ཅེས་གསུང་ཡོང་དུས། ཐག་དེ་ལྟ་བའི་ངོ་བོར་གཅོད་ཐུབ་པ་ཞིག་དགོས་རེད། དེའི་ཐོག་ལ་མཉམ་པར་བཞག་པའི་མཐུ་ལས། གདེང་གྲོལ་ཐོག་ཏུ་བཅའ། ཞེས་པ་དེ་ཡོང་གི་ཡོད་རེད། དེ་འདྲའི་དོན་ལ་བསམ་བློ་གཏོང་ཐུབ་པ་ཡིན་ན། སྔ་འགྱུར་རྙིང་མའི་ལྟ་གྲུབ་དེ་རང་གི་རྒྱུད་ལ་སླེབས་ཐུབ་པའི་རེ་བ་ཡོད་རེད། 

     གཞན་དུས་ཚོད་མེད་དུས་ང་ལ་མང་པོ་ཞུ་རྒྱུ་ཅང་མེད། གང་ལྟར་། གོང་དུ་ཞུས་པ་ལྟར་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས། གླང་ཆེན་སོགས་རྒྱུ་སའི་ཤིང་ནགས་ཆེན་པོ་འདིར། སྐུ་ངལ་ཚད་མེད་གནང་བའི་ཐུགས་བསྐྱེད་བྱིན་རླབས་དག་མ་བརྗེད་པའི་ཐོག་ནས། ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་ཆ་ཤས་སུ་འགྲོ་བ་ཞིག་གནང་ཐུབ་པ་བྱུང་ན། དེ་དུས་ཆོས་སྡེ་ཆེན་པོ་འདིར་སློབ་སྦྱོང་བྱས་པའི་དོན་དང་། ཡང་དགོས་བགྲོ་གླེང་བྱས་པའི་དགོས་དོན་དེ་གྲུབ་པ་རེད་བསམ་གྱི་འདུག དེ་ཡིན་དུས་ཚང་མའི་ཐུགས་ལ་འཇོག་པར་ཞུ། ཐུགས་རྗེ་ཆེ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།