རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 29 November 2023

གསང་ཆེན་བསྟན་པའི་མཛེས་རྒྱན་ཀརྨ་སྐུ་ཆེན་རིན་པོ་ཆེའི་ཞབས་བརྟན་མི་ཤིགས་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

མཁན་འཆི་མེད་རྣམ་རྒྱལ། བོད་མདོ་ཁམས་དཔལ་ཡུལ་དགོན།

སྔ་འགྱུར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་ཆེན་པོ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་ཐུབ་བསྟན་ཚུལ་ཁྲིམས་ནོར་བུའི་འོད་ཟེར་མཆོག་གི་ཞབས་ལ་ན་མོ།

རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོ་དང་།།
ཚེ་མཐའ་ཡས་དང་འཆི་མེད་པདྨ་འབྱུང་།།
རབ་དམར་དབང་གི་ལྷ་མོ་རིག་བྱེད་མས།།
སྐུ་ཡི་གཟི་བྱིན་སྐྱེད་པའི་བྱིན་ཆེན་ཕོབ།།

མཁའ་ན་ཉིན་བྱེད་འོད་དུ་འཚེར་བ་བཞིན།།
ཟབ་རྒྱས་མདོ་སྔགས་ཆོས་ཀྱི་མཐོངས་ཡངས་སུ།།
ཁྱེད་སྐུ་ཉི་མ་གཞོན་ནུ་སླར་ཡང་འཆར།།
ཐུབ་བསྟན་ཚུལ་ཁྲིམས་བཟང་པོར་གསོལ་བ་འདེབས།།

རིང་ནས་གོམས་པའི་བག་ཆགས་མཐུ་བརྟས་པས།།
ཉམ་ཆུང་འགྲོ་ལ་ཕྱོགས་པའི་བརྩེ་ཆེན་དང་།།
ཤེས་བྱའི་གནས་ལ་སྐྱེས་སྦྱངས་བློ་གྲོས་རྒྱས།།
མཁྱེན་བརྩེའི་བདག་པོ་རིང་དུ་འཚོ་གཞེས་གསོལ།།

ཡོངས་རྫོགས་བཀའ་གཏེར་ཆོས་ཀྱི་ཆུ་བོའི་ཀླུང་།།
ལུང་རིགས་མན་ངག་ཧུབ་ཀྱིས་བཞེས་པ་ལས།།
བསྟན་ལ་དག་སྣང་གསར་པའི་ལང་ཚོ་རྒྱས།།
ཟླ་མེད་དོན་གྱི་མཁས་པ་ཞབས་བརྟན་ཤོག།

ཕྱི་ལྟར་འདུལ་བའི་ཀུན་སྤྱོད་རྣམ་པར་དག།
ནང་ལྟར་རྒྱལ་སྲས་སེམས་པའི་རྣམ་ཐར་སྐྱོང་།།
གསང་བར་དགེ་སློང་རིག་པ་འཛིན་པ་ཆེ།།
སུམ་ལྡན་རྡོ་རྗེ་འཛིན་པ་ཞབས་བརྟན་ཤོག།

གངས་ལྗོངས་མཁས་དང་གྲུབ་པའི་བསྟི་གནས་ཞེས།།
སྲིད་འདིར་གྲགས་འབར་རྒྱལ་དབང་དཔལ་ཡུལ་བའི།།
འཆད་རྩོད་རྩོམ་པའི་སྡེ་འདི་ཁྱེད་ཀྱིས་སྐྱོང་།།
ཐོས་བསམ་སྟོབས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

དུས་གསུམ་རྒྱལ་བའི་དགོངས་བཞེད་མ་ནོར་བ།།
ཐོས་དོན་བསམ་ཞིང་བསམ་དོན་སྒོམ་པ་ཡིན།།
དེ་སླད་སྒྲུབ་པའི་སྡེ་ཆེན་དགུང་དུ་འདེགས།།
བསམ་གཏན་སྒོམ་པའི་འཁོར་སྒྱུར་ཞབས་བརྟན་ཤོག།

བློ་གསལ་ཉམ་ཆུང་གངས་ཕྲུག་གཞོན་ནུའི་ཁྱུས།།
ཞུམ་མེད་བསྟན་ལ་ཐོས་བསམ་སྒོམ་པའི་ཚེ།།
ཕུན་ཚོགས་འཚོ་བའི་ཡོན་སྦྱོར་ཁྱེད་ཀྱིས་མཛད།།
བྱ་བ་ལས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

སྐུ་ལ་གཞོམ་བྲལ་སྤྲུལ་སྐུའི་བཀྲ་ཤིས་ཤོག།
གསུང་ལ་འགག་མེད་ལོངས་སྐུའི་བཀྲ་ཤིས་ཤོག།
ཐུགས་ལ་འཕོ་མེད་ཆོས་སྐུའི་བཀྲ་ཤིས་ཤོག།
བཀྲ་ཤིས་སྣང་བས་གསུམ་ཁྱབ་གྱུར་ཅིག།

འཆི་མེད་རྣམ་རྒྱལ་གྱིས་དད་གུས་ཆེན་པོས་བྲིས་པའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།