རྩོམ་པ་པོ། དོལ་པོ་པ་སློབ་དཔོན་ཨོ་རྒྱན་དོན་གྲུབ།
༈ གང་མཚན་དྲན་པས་གཉིས་སྣང་ཕྲ་རགས་ཀུན། །
དག་ཆེན་ཡེ་ཤེས་ཆེན་པོར་བཟླུམ་མཛད་པ། །
འཕོ་ཆེན་དྭངས་མའི་སྲོག་བརྙེས་གྲུབ་དབང་རྗེའི། །
གདོད་ནས་ཡོངས་གྲུབ་རྡུལ་བྲལ་ཆོས་ཀྱི་སྐུ། །
རང་ལ་ཡེ་ནས་གནས་པ་མ་རྟོགས་པར། །
ཡིད་དཔྱོད་བཅོས་མའི་ལམ་གྱི་བླང་དོར་ལ། །
ཇི་ཙམ་བརྩོན་པ་དེ་ཙམ་ངལ་བའི་རྒྱུ། །
མེད་དགག་མ་ཡིན་དགག་གི་གཡུལ་ས་རུ། །
རང་སྟོང་གཞན་སྟོང་བྱིས་པའི་དཔུང་བསགས་ནས། །
རྟོག་བཏགས་འཁྲུལ་སྣང་མོ་གཤམ་བུ་མོའི་ཆེད། །
བདེན་ཞེན་ཐོབ་ཤོར་རལ་ཁ་འགྱེད་རྣམས་བླུན། །
མཐའ་དང་མུ་མེད་ནམ་མཁའི་ལྟོ་བ་ལ། །
ཟད་མེད་སྤོས་རྒྱའི་རི་མོ་འབྲི་བ་བཞིན། །
རྣམ་ཐར་གསུམ་ལྡན་སྤྲོས་བྲལ་གླང་པོ་ཆེར། །
དམུས་ལོང་རྟོག་གེའི་རིགས་པས་འཇལ་ཀུན་མཚར། །
ནཱ་ལེནྡྲ་དང་པཎ་གྲུབ་བཅུ་བདུན་དང་། །
དབུ་སེམས་བྱེ་མདོ་ཐལ་འགྱུར་རང་རྒྱུད་སོགས། །
ཤིན་ཏུ་འགག་དོག་ཨ་བྲའི་རྩ་ལམ་ལ། །
བསྟན་པ་སྤྱི་ཚན་ཟེར་འདིར་ཅུང་མ་མོས། །
འོག་མིན་ཨོ་རྒྱན་གནམ་ལྕགས་འབར་བའི་རི། །
དུར་ཁྲོད་བརྒྱད་དང་ཟ་ཧོར་ཤར་ནུབ་སོགས། །
མ་ངེས་གནས་སུ་མ་ངེས་ལས་ཅན་ལ། །
དབྱིངས་ཀྱི་ཌཱཀྐིས་བསྩལ་བའི་ཆོས་འདིར་དད། །
དགའ་རབ་པད་འབྱུང་སྒེག་རྡོར་སངས་རྒྱས་གསང་། །
མཆོག་གི་རིག་འཛིན་བརྒྱད་ཀྱི་རྗེས་ཞུགས་ནས། །
མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་སྟེ། །
ཆོས་སྐུའི་གསུང་མཆོག་གསུམ་ལ་བསླབ་པར་སྤྲོ། །
ཆོས་ཉིད་སྒྲར་སྣང་དོན་དམ་དབྱིངས་ཀྱི་ཆོས། །
སྤྲོས་བྲལ་ཀློང་དུ་སྤྲོས་ཀུན་སྡུད་པའི་ཐབས། །
ཐེག་མཆོག་རྫོགས་ཆེན་ཐེག་པའི་ཉེ་ལམ་ནས། །
བློ་འདས་ཡེ་ཤེས་བློ་ལ་འཆར་བར་སྨོན། །
༢༠༢༣/༡༠/༢༧ ཉིན།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།