(ཡོངས་འཛིན་བླ་མའི་གདན་ས་དཔལ་ལྡན་༸ཁྲི་བརྟན་ནོར་བུ་རྩེ་ཡི་བཀའ་རམས་པ། ཚུལ་ཁྲིམས་རབ་བརྟན་ནམ་སྨྱུག་མིང་དུ་ཞང་ཚུལ་མི་རུ་འབོད་པས་བརྩམས་པའི། སྙན་རྩོམ་ཕྱོགས་བསྒྲིགས་དེབ་འཕྲེང་གཉིས་པ། «དྲུང་མུའི་རྐང་ལམ་དཀར་པོ་»ཞེས་པའི་ཨི་ཀ་རྒྱག་པའི་གཏམ།)
འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།
«སྒང་དྲུག་རི་བོའི་སྟག་ཤར་»ཞིག «མི་ཚེའི་འོད་»སྣང་རྗེས་སུ་དོང་། «ཚེ་སྟོད་བཞུད་པའི་རྐང་ལམ་»རྒྱང་དུ་བཀྱེད། «ཕ་མའི་གྲིབ་གཟུགས་»དག་ཀྱང་མིག་གིས་བསྐྱུར། ཕྱིར་བལྟས་མེད་པར་རྒྱང་བལྟས་མཛད། “བྱང་ཐང་འབྲོང་བུའི་ལྷན་དུ་ཁེར་ལམ་དེད།” “ལྷགས་པ་སོ་ཡིས་འཆའ་བཞིན་ཁེར་ཚུགས་”བཅངས། ལྷོ་སྤྲིན་དཀར་པོ་ཚད་དུ་བཙུགས། བྱང་ས་ནག་པོ་འདོམ་གྱིས་འཇལ། “རི་ཆུའི་སྲུབས་ཀ་རེ་རྒྱབ་ཏུ་གཡུག་”གིན། “རེ་བའི་གཙང་ཆེན་[རེ་]མདུན་དུ་དྲངས་”ནས། བྱང་འབྲོག་«གངས་ཀྱི་མགྲོན་པོ་»དེ། “ལྷོ་མོན་གཡུ་ཞུན་ནགས་”སུ་ལྷགས། དེ་ནས་«ཉིན་ཐོ་དཀར་པོ་»ཞིག་གི་འགོ་བརྩམས།
དེ་ཡང་“གཡུ་ལུང་བལ་པོའི་ཞིང་མཆོག་”གི། “ཀླུ་སྒྲུབ་ནགས་ཀྱི་རི་འདབས་སུ།” བརྟུན་པ་དྲུང་མུའི་གྱེར་ལ་བཅེར། འབུང་གསུམ་ལྟེམ་བརྐྱང་མེད་པར་འགྲུས། འབད་བརྒྱས་“ཉིན་མཚན་རྩོད་པར་བསྲེས།” “གཞུང་བརྒྱའི་དཀའ་གནད་མདུད་བརྒྱ་བཀྲོལ།” བཀའ་རམས་པའི་ཅོ་པན་སྤྲས། “རིག་གནས་རིན་ཆེན་ནོར་བུའི་ཞིང་ས་”ནས། ལྗང་མྱུག་“ངག་རིག་འཕར་རྩ་མལ་ནས་བསླངས།” སྨྱུག་ཐོགས་པའི་མིང་གནས་བརྒྱན། “སྦྱོང་བའི་སྐས་ཐེམ་རིམ་གྱིས་བགྲོད་”པའི་མཐར། “མདུན་ལམ་གསར་པའི་སྐྱ་རེངས་ཤར་”བར་གྱུར། དེ་ནི་«ཉིན་ཐོ་དཀར་པོ་»ཡི་རྒྱུད་རིམ་ཞིག
དེ་རིང་ནི། «ཁ་བ་ཅན་གྱི་རྐང་ལམ་»བསྙེགས་ནས། “ཐག་རིང་འགྲིམས་པའི་དགོས་པ་”སྟེ། ཐོག་མར་«ཁེར་བཞུད་»ཅིག་གིས། «ཤོབ་ཀྱི་གངས་ལྗོངས་»རིང་དུ་བརྒལ། བར་དུ་“ལོ་ཟླའི་རི་ཆུ་གཤགས་ནས་སློབ་ལ་བརྩོན།” “བང་ཁའི་རྨིག་སྒྲ་རེ་”རེས་རང་སད་བཏང། མཐའ་མར་“བསམ་པའི་སྣེ་མོ་དོན་དུ་ཁེལ།” “གྲུབ་འབྲས་སྟོང་གི་པོ་ཏི་བརྩེགས།” མདོར་ན། འགྱུར་མེད་ཀྱི་དམིགས་དོན། འབད་རྩོལ་གྱི་ལག་བསྟར། མཐའ་འཁྱོངས་ཀྱི་འབྲས་བཟང་སྟེ། སྔ་བར་གཞུག་གསུམ་འཁྱོལ་བའི་དེ་རིང་ནི། ལས་མཐར་སོན་པའི་དུས་ཚོད་དང་། དོན་ཆེན་གྲུབ་པའི་ཉི་མར་གྱུར། ཉིན་འདིར་ལ་ཉེ་བཟང་བ་ནི། བློ་སྟོབས་ལས་ལམ་རྙེད། ལག་བསྟར་ལས་དོན་འགྲུབ། ཅེས་པའི་གཏམ་ཡང་བདེན་པར་ར་སྤྲད་པ་སྟེ། རྐང་ལམ་ནི་བགྲོད་པ་ལས་འགྲུབ་སྟབས། ལག་ལེན་རྒྱུན་ཁྲིགས་སུ་བསྲིངས་ནས། གོམ་བགྲོད་ནར་མ་རུ་སྤོས་པས། ད་གཟོད་«དྲུང་མུའི་རྐང་ལམ་དཀར་པོ་»འདི་ཉིད་དོད།
རྐང་ལམ་འདི་ནི། ལྷག་བསམ་གྱིས་བཏོད་པས། དཀར་པོ་དཀར་གཙང་ཞིག ལྷག་བསམ་དེ་ནི། འགྱུར་ལྡོག་དང་བྲལ་བས། སྲ་བརྟན་དྲུང་མུར་གནས། དྲུང་མུ་ཡིས་ནི། མདུན་ལམ་དུ་བསྐྲུན་ཚད། བཟང་དགུའི་འོད་སྟོང་འཚེར། འོད་སྟོང་གིས་ནི། དཀར་པོ་རུ་བཏུམས་པ། དྲུང་མུའི་རྐང་ལམ་ཡིན། དེ་ནི་དག་སྣང་དཀར་པོ་ཞིག དཀར་པོ་ཟང་ཐལ་མ། པིར་སྨྱུག་རྩེ་ནས་བཞུར། རྒྱ་ཤོག་ངོས་སུ་ཐིགས།
དམུ་ཡི་མྱེས་ཆེན་ཚོས། སྐས་དང་འབྲེང་ལ་བསྟེན། དགུང་ནས་དོག་ལ་བསྐྱས། ཤུལ་ལམ་རྗེས་ཀྱིས་གཏམས། རྐང་རྗེས་འོད་དུ་བཀྲ། དབུས་ཀྱི་རྒྱལ་བློན་ཚོས། རྟ་རྨིག་ཟད་ཟད་བྲབས། དམག་ཁྱོན་མཐའ་བཞིར་བསྐྱེད། རྗེས་ཀོང་ཁྲག་གིས་ཚོས། ལེ་བརྒན་བཀྲག་མདངས་འབར། ཕྱོགས་ཀྱི་བླ་དཔོན་ཚོས། རྫབ་ལམ་དེ་གར་ཞུགས། ཀྲད་པ་མཚལ་ཁར་བཏང་། རྡོག་པས་བསྙབས་ཚད་བཅགས། རྐང་ལམ་དམར་པོས་ཁྱབ། སྒང་པ་བོད་ཀྱི་ལས་དབང་དེ་ནི། ཁྲག་དྲི་ཐུལ་ལེ། སྨྱུ་གུའི་ཁར་འགོས། འབྱར་ཚི་དམ་མེ། ཤོག་གུའི་ངོར་ཟགས།
དེ་ལྟར་ནའང་། “གངས་རིའི་ཁ་དོག་དཀར་པོ་གཤེན་གྱི་རྗེས།” “བོད་ལ་བཞག་པའི་གོམ་པ་དཀར་པོ་”སྟེ། “མེས་པོའི་སྒམ་ཚུགས་འཛིན་མཁན།” “གངས་རིའི་ཡབ་གཞིས་རྙིང་པ།” ”དམུ་རྒྱལ་གཤེན་ཚང་།” “དྲུང་མུའི་དབུ་འཕང་གནམ་དུ་བཏེགས།” “ལོ་རྒྱུས་སྲིད་པའི་མཛོད་དུ་”བཤམས། “གངས་ཅན་ཕ་ནོར་བདག་པོ་”རུ། “ཀུན་གྱིས་རེ་བའི་ཨ་ལོང་སྲིང་།” གྱེར་འབངས་ལས་སྨོན་སྦྲེལ། དང་བའི་ལེའུ་བརྗིད།
མི་ཕྱེད་པའི་དད་སྟོབས་ལྗིད་པ་ནི། «སྨྲ་སེང་དམར་པོ།» “སྙིང་ལ་སྦྲུམ་”ནས། “ཐུགས་སྲས་མཁན་ཆེན།” “གཙུག་ཏུ་བཞེངས་”ཏེ། “མཁྱེན་ལྡན་བཤེས་གཉེན།” “གཞུང་ལུགས་རྒྱ་མཚོ།” “གཤེན་སློབ་སྐལ་ལྡན།” “ངོམས་མེད་རོལ་”ས། དྲུང་མུའི་གཤེན་ཁྱིམ། ཡོངས་འཛིན་གདན་ས།
“ཡམ་བུའི་གྲོང་མཐའ་རུ། གནས་གཞིས་འཛིན་དུས་”སུ། «ཡམ་བུའི་གྲོང་མཐའ་ནས། རྒྱུ་བའི་རྟོག་རླབས་»བཏུས། གནའ་གྲོང་མཛེས། འབུམ་པ་ཆེ། «ས་ག་ཟླ་བ་དང་འཕགས་ཤིང་སྐོར་ལམ།» “སྤྲང་པོའི་མཐེ་བོང་”དང་«བྱ་རུང་ཁ་ཤོར།» “གཏམ་རྒྱུད་རེ་རེའི་སྒོ་ཐེམ།” བརྒལ་ཡང་“གཏན་ནས་མ་ཐར།” འོན་ཏང་། «རང་བྱུང་མཛེས་པའི་རྔམ་ཁ་»ལས། རང་སེམས་“བག་ཡངས་ལྷོད་”དུ་ཕབ། “མིག་ཞགས་རྒྱང་ལ་སྲིང་”གིན་ཅེ་རེར་བཏད། “སེམས་ལ་གཤོག་ཟུང་ཐོགས་ནས་གནམ་དུ་ཆས།” “གངས་གྲོང་འཇིག་རྟེན་[ཕྱོགས་]ལ་ལན་ཅིག་ཆས།” “བརྩེ་ལྡན་ནང་མིའི་ཞལ་ངོ་ཡིད་ལ་དྲངས།” གཞན་ཡང་། བྱང་ནས་ལྷོ་རུ་རྐང་གྲུ་བསྟེན། «རྡོར་གླིང་རི་བོའི་མཛེས་བརྗིད་»གམ་ནས་མྱངས། ཤར་ནས་ནུབ་ལ་གྲུ་གོམ་སྤོས། «རྒྱལ་ས་པ་རག་»བརྒྱུད་དེ་ཡུ་རོབ་བསྐོར། ལེ་བར་རིག་པས་གཞལ། ཐུག་འཕྲད་བློ་བསྐྱེད་མཇལ། མཁྱེན་རྒྱ་སྲ་རུ་འཐས། སྤོབས་པའི་གདེང་སྟོབས་བསྐྱེད།
སྐབས་ཐོག་གི་གསར་འགྱུར་དག མིག་ཟུང་བཙུམ་ཡང་རྣ་བར་ལྷུང་། རྣ་ཐེག་ཅན་ཡང་གཡོ་འགུལ་ཐེབས། སེམས་དྲོད་ཁོལ། ཚོར་རླངས་འཕྱུར། ཨུ་རུ་སུའི་བཙན་འཛུལ། ཡུག་རེན་གྱི་འགོག་སྲུང་། བཀྱེས་པའི་གཡུལ་འཐབ། སྟོབས་ཤུགས་མི་སྙོམས། འོན་ཀྱང་། ཨུ་རུ་སུའི་སྟོང་བསམ། སྣ་སུན་ཕོག་པའི་སྣ་ཞིག་བརྡབས། ཡུག་རེན་གྱི་སྙིང་སྟོབས། ཡོད་དགུ་རྩལ་སྤྲུག་གཅིག་ཏུ་བསྒྲིལ། གཅིག་རྒྱབ་གཉིས་ལང་དེས། དམག་ཆེན་གསུམ་པའི་བྲེད་སྔངས་སློང་། སྦྲན་པའི་ར་མདའ་བས། བམ་རོའི་གསེབ་ནས་རང་ཁེ་དམྱུག ཀྱེ་མ་ཀྱི་ཧུད། ཉེས་མེད་ཚེ་སྲོག «ཁྲག་གི་རྐང་རྗེས།» གདུང་སེམས་མཉམ་སྐྱེ།
ང་ཚོའི་གཞིས་ཀ སུམ་རྩེན་ལྷ་ཡུལ། རྒྱ་གར་འོར་ཆེ། འོན་ཀྱང་། «ང་ཚོ་ལུས་སོང་།» ཐ་སྙད་སྐམ་པོའི་མཐོ་སར་ལུས་སོང་། ཁྱིམ་མཚེས་རྒྱ་གར། འདྲ་ས་མི་འདུག དམའ་ས་ནས་མཐོ་སར་བསྙེགས་སོང་། འོན་ཀྱང་། «ང་ཚོ་ལུས་སོང་།» མཐོ་སྒང་ཡང་དམའ་སྣང་ཤར་སོང་། ཁྱིམ་མཚེས་རྒྱ་གར། གླགས་ཁེལ་མ་སོང་། ས་ཡི་གོ་ལ་བརྒལ། ཟླ་བའི་གོ་ལར་ལྷགས། ཐོད་རྒལ་གྱིས་མཆོངས། ལྷག་མཐོང་གིས་བལྟས། འོན་ཀྱང་། «ང་ཚོ་ལུས་སོང་།» རྒྱ་གར་གྱི་མྱོས་ཆང་བཏུང་ནས་ལུས་སོང་། ཁྱིམ་མཚེས་རྒྱ་གར། འཁོར་སྐར་བཞོན་ནས་ཟླ་བར་བབས་སོང་། འོན་ཀྱང་སྨྱུག་ཐོགས་པས། དགའ་བསུ་མ་ཞུས། རྟེན་འབྲེལ་མ་བྱས། རྒྱུ་མཚན་ནི། ཁྱིམ་མཚེས་རྒྱ་གར། ཟླ་བའི་སྒང་ནས་ང་ཚོར་འཕྱས་སོང་།
ཨ་རི་རྒྱུ་སྟོབས་ཆེ། “ཋ་རམྤ་”ཨོར་འཐོམ་ཚ། འོན་ཀྱང་། ཞི་འགྲིག་ལག་པ་རིང་། ཀོར་ཡ་དམག་སྟོབས་ཆེ། “ཀིམ་འཇོང་”ཡ་ཡུད་ཚ། འོན་ཀྱང་། མོས་མཐུན་མགོ་བོ་མཉེན། ཞི་མོལ་གྱི་གཞུག བསླུ་བྲིད་ཀྱི་འགོ། འགོ་གཞུག་མ་སྦྲེལ་ཚེ། «“ཋ་རམྤ་”དང་“ཀིམ་”གྱི་ཐུག་འཕྲད།» མི་གཉིས་ཀྱི་ལྷན་འཛོམས་ལས་ཀྱང་། འཛམ་གླིང་གི་བདེ་འཇགས་དང་སྦྲེལ། དེ་ལ་ཐེ་གཏོགས་ནི། རྩོམ་པ་པོར་ལོས་ཀྱང་འཁྲི།
ལྕགས་ཀྱི་བྱི་བ་ཞིག་གིས། “ཏོག་གསར་ནད་ངན་”ཁུར་བྱུང་། “རྒྱལ་ཁབ་ཉིས་བརྒྱ་ལྷག་ལ།” “དཀའ་ངལ་དངངས་སྐྲག་”བསླངས་སོང་། “ཏོག་གསར་རྒྱང་འབུད་ཆེད་”དུ། “རང་གཅེས་གཞན་གཟབ་”གདམས་བྱུང་། “ན་ཚའི་འཇིགས་པ་ལྷག་ཏུ་ཆེ།” «ཀ་རྩོམ་དུས་ཀྱི་སྐུལ་མ་»བཏང་། “ཏོག་གསར་སྔོན་འགོག་བྱ་”འདོད་ན། “ཁ་རས་བརྒྱབ་སྟེ་ལག་ཤུབས་གྱོན།” “འགྲོ་འདུག་དོར་”ཞིང་“ཁེར་འདུག་”གི། “ཐེམ་སྤང་བཀའ་རྒྱའི་”རང་ཁྲིམས་སྲུངས། “ན་ཚ་ཁྱིམ་དུ་བསླེབས་རྗེས་སུ། ད་གཟོད་འགྱོད་ན་འཕྱིས་པ་ཡིན།” གོ་མྱོང་ཐོས་མྱོང་འདྲ་བ་ཞིག ཐུན་མོང་དངོས་མཐོང་རེག་ཟིག་ཅིག རང་གིས་མྱངས་པའི་ལོ་རྒྱུས་ཤིག མི་བརྗེད་དྲན་ཐོར་བཀོད་པ་ཞིག
མདོར་ན། རྫི་གསང་འོན་སེང་འདོ་ཟུངས་ཆེ་བས་ན། ཐོག་དྲུང་གཉིས་སུ་མེད་པའི་མཐོང་ཚོར་ཏེ། མངོན་སུམ་གྲུབ་པ། རྗེས་སུ་དཔག་པ། ཅི་ཞིག་འཕྲད་ཀྱང་། «སྙན་ངག་གི་ཚེ་སྲོག་འཚོལ་བ་»ལ་ཐབས་སུ་སྤྱད། གནམ་ནས་བབས་རབས། ས་ལ་ཆགས་རབས། སེམས་ཚོར་བསླས། མིག་གིས་རིག་ཚད། རྣ་བས་བསྙབས་ཚད། མྱོང་བར་བཏགས། བློ་ཡིས་བཙགས། རིག་པས་བཀྲབས། ད་གཟོད་སྙན་ངག་གི་ཚོམ་བུར་གྲུབ། «དྲུང་མུའི་རྐང་ལམ་དཀར་པོ་»འདི་ནི། གཡུ་གཤོངས་ཡམ་བུའི་མཐིལ་ནས། བྱང་འབྲོག་སྒང་པའི་ཡུལ་ལ། རང་སེམས་རྩོམ་དུ་བཞུས་ཏེ། བརྫངས་པའི་འཁྱོས་མ་འབོག་སྒྲིལ། རོལ་ཞིག མཉེས་ཤིག ཕ་ཡུལ་རྒྱང་ཐག་རིང་ཡང་། འབྲོག་ཁྱིམ་སེམས་སུ་བསྐྱིལ་བས། རྣམ་དཔྱོད་ཀྱི་རྩྭ་ཐང་ཡངས། དཀྱེལ་ཆེན་གྱི་འབྲོག་མཚེར་མང་། མིང་ཚིག་གི་གནག་ཕྱུགས་མོད། སྒྱུ་རྩལ་གྱི་འབྲོག་ལས་སྐྱིད། སེམས་ཚོར་གྱི་བཞོན་བཟང་ལེགས། སྙན་རྩོམ་གྱི་དཀར་གསུམ་འབེལ། དེས་ན་འབྲོག་ཕྲུག་གི་འཁྱོས་མ་འདི། གནང་སྐྱེས་སུ་བཟང་བར་འཕགས།
བརྡ་ཆད་རྙིངས་དང་མི་རྙིངས། གི་གུ་ཕྱི་ལོག་འདྲ་འདྲ། བརྗོད་བྱ་གསར་དང་མི་གསར། དངོས་བྱུང་སེམས་ཚོར་ཏག་ཏག སྙན་རྩོམ་རྒུན་ཆང་བསྙལ་བསྙལ། ཀློག་མཁན་ར་རོས་བེར་བེར། རྒུན་ཆང་རྒས་དང་མི་རྒས། བཟི་ངར་ཆེ་དང་མི་ཆེ། སྒྱུ་རྩལ་རྩང་ནན་གར་པོས། བད་ཅིང་སྦྲིད་པའི་མྱོས་གཏམ། སྒྲེགས་པ་སྣ་བར་མནམ་པ། བཀག་ཀྱང་དགག་ཐབས་མ་རྙེད།
འདི་ལྟར་མངགས་བཅོལ་བསྐུལ་མའི་ལས། རེམ་པར་བརྩོན་པའི་ཁུལ་ལགས་ཀྱང་། ལས་བྲེལ་འཛིངས་ཤིང་བསྣོལ་བ་ལས། ཚིམས་པའི་ཚད་དུ་མ་ལོན་འགྱོད། གང་ལྟར་འདི་ན་རྩོམ་པ་པོས། འགངས་པར་མནངས་ཏེ་བཏའ་བ་ནི། “བཀླག་མི་ཚར་བའི་གླེགས་བམ་ཞིག་བཞེངས་དགོས།” “འགྱེལ་མི་སྲིད་པའི་རྡོ་རིང་ཞིག་བསླང་དགོས།” ཞེས་པ་«ཉིན་ཐོ་དཀར་པོ་»ཡི། མཇུག་སྡུད་ཐ་ཚིག་ཚུལ་དུ་བརྒྱན། སླད་མའི་འབྱུང་འགྱུར་དུས་སུ་ཡང། ཤེས་རིག་ཞབས་འདེགས་ལས་ཆོད་རྣམས། གོང་ནས་བླ་རུ་འཕེལ་བར་སྨོན།
ཞེས་སྨྱུག་ཐོགས་པ་ཞང་ཚུལ་མིས་བརྩམས་པའི་སྙན་རྩོམ་དེབ་འཕྲེང་གཉིས་པ་«དྲུང་མུའི་རྐང་ལམ་དཀར་པོ་»ཡི་འགོ་བརྗོད་སྔོན་གླེང་གི་དོད་དུ་དོལ་པོའི་རྒྱལ་ཁམས་པ་ཆེན་པོ་འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་ཤེས་རབ་ཉི་མ་འོད་ཟེར་དུ་འབོད་པས་ ༢༠༢༤།༠༡།༣༡ ཉིན་ནུབ་གླིང་ཡུ་རོབ་ཀྱི་དབུས་དཀྱིལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནས་རང་ཁྱིམ་དུ་བགྱིས་པས་དགེའོ།། །།
སྔོན་གླེང་མཛད་པ་པོ།







No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།