གླིང་ཚང་ཕྲིན་ལས་མཐར་ཕྱིན།
སྐྱ་རེངས་ཀྱི་སྒེག་ཉམས་དགུང་སྔོན་ནས་འཆར་དུས།།
ཀྱག་ཀྱོག་གི་ལམ་འཕྲང་དོག་པོ་དེར་བརྒྱུད་དེ།།
ལྷུན་སྟུག་གི་ནགས་ཚལ་རྐང་ཐང་གིས་གཤགས་པས།།
ས་ཚུགས་རེའི་བར་ལ་བཞི་ཤད་རེ་འཐེན་ཏེ།།
འགྲོ་རོགས་ཚོའི་སྔོན་ལ་གོམ་རྗེས་རེ་སྤར་ནས།།
མཛེས་སྡུག་གི་ཡུལ་ལྗོངས་པར་མིག་ཏུ་དྲངས་ཞོར།།
མཐོན་པོ་ཡི་རི་རྩེར་བདེ་བླག་གིས་བསྙེགས་ཡོད།།
རི་ཀླུང་དང་ནགས་ཚལ་རྔམ་ཟིལ་གྱིས་མནན་པ།།
དམའ་མོ་ཡི་སྤང་ཐང་དམིགས་འོག་ཏུ་བཅུགས་པའི།།
རི་བོ་འདིའི་རྩེ་མོར་ལྷོད་པོ་རུ་འགྱིངས་ན།།
མཚར་སྡུག་གི་ལྟད་མོ་མིག་ལམ་དུ་མངོན་ཡོང་།།
ཁ་བ་ཡི་འདབ་མ་བང་རིམ་དུ་རྩེག་ས།།
ཁ་བ་ཡིས་ས་གཞི་དཀར་གཙང་དུ་སྒྱུར་ས།།
ཁ་བ་ཡི་འཇོ་སྒེག་མཛེས་མཛེས་སུ་ངོམ་ས།།
ཁ་བ་ཡི་དག་ཞིང་རི་རྩེ་འདིར་ཆགས་པ།།
དྭངས་གཙང་གི་ཁ་བ་རྒྱན་གོས་སུ་གྱོན་ཅིང།།
རྫ་རི་ཡི་ཁྲོ་གཉེར་འཛུམ་མདངས་སུ་བཅོས་པ།།
ཡིད་འོང་གི་ནགས་ཀླུང་མཛེས་ཟླ་རུ་སློང་མཁན།།
རི་སྒང་དེ་ང་ཡི་སྙན་ངག་ཏུ་གྱུར་སོང་།།
ཁ་བ་ཡི་ཁྲོད་ནས་གངས་རྩེད་ལ་གཡེངས་ཏེ།།
ཁ་ལོག་གིས་ཁ་བ་དམིགས་འབེན་ལ་འཕེན་པའི།།
ཆུང་ཆུང་གི་བྱིས་པའི་རོལ་རྩེད་དེ་དྲན་ན།།
ཆུང་དུས་ཀྱི་རྩེད་གྲོགས་དབང་མེད་དུ་དྲན་ཡོང་།།
གངས་མཐུག་གི་ཀློང་ན་ཀྲོང་ངེ་རུ་ལངས་ཏེ།།
བསམ་གཞིག་ཀུན་ག་ལེར་རི་རྒྱབ་ཏུ་གཏོང་དུས།།
ཕ་ཡུལ་གྱི་སྣང་བརྙན་འགོག་མེད་དུ་ཤར་བས།།
སེམས་པ་འདི་དྲན་གདུང་མག་མོག་གིས་བསྒྲིབས་སོང་།།
རྡ་སའི་རི་མགོར་འཛེགས་ཤིང་ཁ་བའི་མཛེས་སྡུག་ལ་ཨེན་ཙམ་མྱོང་རོལ་བྱས་པའི་ཚོར་བ་དག་ཡིག་ངོར་འདོགས་པ་པོ་ནི་གླིང་ཚང་ཕྲིན་ལས་མཐར་ཕྱིན་ནོ།། 17/02/2024


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།