རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 21 February 2024

བལ་ཡུལ།

དོལ་པོ་པདྨ་བཀྲ་ཤིས། སྔ་འགྱུར་མཐོ་སློབ་ཆེན་མོ།


གཤིས་རྒྱུད་གསེར་ལས་དྭངས་པའི་ཡུལ་མི་གཅིག།
གནའ་དེང་སྲོལ་གཉིས་ཚང་བའི་ཡུལ་ལུང་གཉིས།།
བརྩེ་སེམས་དམ་ཚིག་གཙང་བའི་ནང་མི་གསུམ།།
གསུམ་འཛོམས་བལ་པོའི་ཡུལ་ནས་དགོངས་པ་ཞུ།།

མཆོད་རྟེན་རྣམ་གསུམ་གཙོས་པའི་གནས་ཆེན་གཅིག།
ཆོས་ལུགས་ལག་རྡང་སྦྲེལ་བའི་མཛའ་མཐུན་གཉིས།།
སྔར་སོང་ལོ་རྒྱུས་རིང་བའི་གཏམ་རྒྱུད་གསུམ།།
དྲུག་འཛོམས་ཡམ་བུའི་རྒྱལ་ས་བོར་ནས་ཐལ།།

བརྗིད་ཆགས་རི་བོའི་ངོས་ཡངས་རྩི་ཤིང་གཅིག།
དངས་གཙང་རླུང་གི་རྟ་ཕོའི་བང་འགྲོས་གཉིས།།
མ་བཅོས་རང་བྱུང་ཁམས་ཀྱི་མཛེས་སྡུག་གསུམ།།
དགུ་འཛོམས་བལ་ཡུལ་གླིང་ནས་ལྷོ་རུ་ཕྱོགས།།

ཧི་མ་ལའམ་བོད་རིགས་སྣ་འཛོམས་གཅིག།
འཛམ་གླིང་མི་རིགས་ལྷག་མེད་འདུས་པ་གཉིས།།
མགོ་ནག་མི་རིགས་དབུ་འཕང་མཐོ་ས་གསུམ།།
བཅུ་གཉིས་རྒྱན་ཏུ་བཏགས་པའི་ཡུལ་ནས་བརྟོལ།།

མནའ་ཉམས་དོད་པའི་ཁང་བཟང་བརྩེགས་མ་གཅིག།
ཞིམ་མངར་ཁ་ཟས་སྣེ་འཛོམས་རོ་བཅུད་གཉིས།།
ཚོན་མདངས་བཀྲ་བའི་དར་ཟབ་གོས་དང་གསུམ།།
བཅོ་ལྔས་གཞན་ལས་འཕགས་པའི་ཡུལ་ནས་འོངས།།

ལང་ཚོ་གསར་དུ་འབུས་པའི་གཞོན་ནུ་གཅིག།
རྣམ་འགྱུར་ཅི་ཡང་སྟོན་པའི་སྨན་ཆུང་གཉིས།།
བགྲེས་སོང་ལོ་ན་རྒན་པོའི་བརྗིད་ཉམས་གསུམ།།
བཅོ་བརྒྱད་ཚང་བའི་ཡུལ་ལྗོངས་རྒྱབ་ཏུ་བཞག།

འཇམ་པའི་སྐད་ངག་སྙན་མོའི་སྐྱེལ་བསུ་གཅིག།
ཞལ་འཛུམ་སོ་ཕྲེང་འོད་གུར་ཕུབ་སྟངས་གཉིས།།
གུས་པའི་བཀུར་སྟིས་གཞན་ཡིད་ཚིམ་བྱེད་གསུམ།།
ཉེར་གཅིག་དུས་ཀྱི་གོ་ལའི་ལྟེ་ནས་ཕྱོགས།།

ལན་གཅིག་སྒྱུ་ལུས་ཡུལ་གཞན་འཕངས་ཀྱང་རུང་།།
སེམས་ཀྱི་ཁ་ཕྱོགས་མ་འགྱུར་ཇེ་བརྟན་སོང་།།
ནང་མི་ཉེ་འབྲེལ་ཐག་རིང་བྲལ་ན་ཡང་།།
སླར་ཡང་ལྷན་འཛོམས་ཉི་མ་མགྱོགས་མྱུར་ཤོག།

ནང་མའི་ཉེ་འབྲེལ་ཚང་མས་རྒྱབ་སྐྱོར་རྒྱ་ཆེ་བསམ་ཡུལ་ལས་འདས་པ་གནང་སོང་བས། འདི་ནས་སྟབས་གཅིག་ཏུ་བཀའ་དྲིན་ཆེ་ཞུ། འབྲེལ་ཡོད་ཁྱེད་རྣམས་བྱ་བ་ལམ་འགྲོ་ནད་མེད་ཚེ་རིང་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་བཅས། ༢༠༢༤/༠/༡༣ སྟོད་བྱ་ལམ་གོང་མའི་མཁའ་དབྱིངས་སུ་ཉམས་དགའ་གླུ་རུ་བླངས་པའི་ཚིག་གསུམ་མོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།