རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 28 December 2024

«ཐོལ་གླུ་སྨོན་པ་དགུ་འགྱུར།»

མཁན་པོ་ཚུལ་ཁྲིམས་ནོར་བུ།


ཐུགས་རྗེ་ཉི་མ་བཞིན་དུ་འཆར་བར་མཛོད།།
བྱིན་རླབས་སྦྲང་ཆར་འདྲ་ཞིག་འབེབས་པར་མཛོད།།
ལྷ་ཀླུ་དྲི་ཟ་འབྱུང་པོ་དང་བཅས་པའི།།
མགོན་དང་དཔུང་གཉེན་ཉིད་དུ་འགྱུར་བར་ཤོག།

མ་ལྟར་བརྩེ་བས་འགྲོ་ལ་གཟིགས་པར་མཛོད།།
ཐུགས་སྟོབས་ནམ་མཁའ་བཞིན་དུ་ཡངས་པར་མཛོད།།
ས་གསུམ་ཅིག་ཅར་བརྡིབས་ཀྱང་མི་འགྱེལ་བའི།།
ཆོས་བཞིན་ཆོས་ཀྱི་རྒྱལ་ས་ཟིན་པར་ཤོག།

བདུད་རྩིའི་རྒྱ་མཚོ་འདྲ་ཞིག་ཁོལ་བར་མཛོད།།
དྲི་བཟང་སྤོས་ངད་འདྲ་ཞིག་ཐུལ་བར་མཛོད།།
ཐམས་ཅད་སུ་ཡིས་མཇལད་ཀྱང་ཡིད་མགུ་བའི།།
ཞི་སྐུ་དཔག་བསམ་ཤིང་ལྟར་འཁྲུངས་པར་ཤོག།

ལྷ་ཡི་རོལ་མོ་འདྲ་ཞིག་དཀྲོལ་བར་མཛོད།།
ཆོས་ཀྱི་རྔ་ཆེན་འདྲ་ཞིག་བརྡུང་བར་མཛོད།།
ཚངས་དབང་བརྒྱ་བྱིན་གྱིས་ཀྱང་གུས་མཆོད་པའི།།
བསྟན་པའི་ཁུར་ཆེན་ཤེད་ཀྱིས་ཐེག་པར་ཤོག།

གངས་ཀྱི་སེང་ཆེན་བཞིན་དུ་འགྱིངས་ནས་ཤོག །
ཐང་དཀར་རྒོད་པོ་བཞིན་དུ་འཕུརད་ནས་ཤོག།
ཕ་རྒན་སྙིང་ཤ་ཅན་དེ་མི་བརྗེད་པའི།།
ད་ཡང་དབུ་འཕང་དགུང་ལ་བསྟད་ནས་ཤོག།

སྲ་མཁྲེགས་རྡོ་ལ་བུ་ག་བརྟོལ་ནས་ཤོག།
གྲེ་སེར་འབྲོང་འདྲ་ཡིན་རུང་བཏུལ་ནས་ཤོག།
ཕ་རོལ་གཞན་དང་སུ་ཡང་མི་འདྲ་བའི།།
ཆོས་བརྒྱད་དལ་གྱི་མདུད་པ་བཤིགས་ནས་ཤོག།

སྤྲིན་ལ་འཇའ་ཚོན་བཞིན་དུ་འཁྱུད་ནས་ཤོག།
སྤང་ལ་མེ་ཏོག་བཞིན་དུ་བཞད་ནས་ཤོག།
རྡོ་རྗེའི་བཀའ་ལུང་འགྱོགས་པའི་སྤྱི་བོ་ཡིས།།
གསང་ཆེན་ཐེག་པའི་མཛེས་པ་བཏེག་ནས་ཤོག།

ཡར་འགྲོ་ལྷ་བསང་བཞིན་དུ་འཁྲིགས་ནས་ཤོག །
མར་འབབ་ཆུ་བོ་བཞིན་དུ་བབས་ནས་ཤོག།
བསམ་ཡས་སྒྱུ་འཕྲུལ་ཡིས་ཀྱང་མི་ངོམ་པའི།།
མུ་མེད་མཛད་པ་ཕྱོགས་བརྒྱར་སྤྲོས་ནས་ཤོག།

བརྒྱུད་པ་གསེར་ཐག་འདྲ་འདི་རྨེལ་ནས་ཤོག།
ཕ་ཕོག་བཟང་དྲུག་འདྲ་འདི་བཀྲམ་ནས་ཤོག།
གསེར་དངུལ་ཡོན་ལ་བསྟབས་ཀྱང་མི་དགྱེས་པའི།།
དབྱིངས་ཀྱི་སྒེག་མོ་ཉིད་དང་འཁྲིལ་ནས་ཤོག།

༸སྐྱབས་རྗེ་རིན་པོ་ཆེའི་༸ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་བཅུ་གསུམ་བཞེས་པའི་འཁྲུངས་སྐར་ཚེས་ལ་ཉེ་བའི་སྐབས་དང་བསྟུན་ཤིས་སྨོན་ཙམ་དུ་སྤྱི་ལོ་ 2024 ལོའི་སྤྱི་ཟླ་ 12 པའི་སྤྱི་ཚེས་ 28 ཉིན་སྦྱར།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།