གསུང་མཁན། བླ་རུང་མཁན་ཆེན་ཆོས་ཐོ།
མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་།
།བཀའ་གཏེར་རིག་འཛིན་རྒྱུད་པའི་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས།
།སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ།
།ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
།
འོ་ལགས་སོ། །སྔ་འགྱུར་རྙིང་མའི་ཆོས་སྡེ་དྲུག་གི་ཡ་གྱལ་དཔལ་རྒྱལ་བ་ཞེ་ཆེན་དགོན་པའི་བཤད་གྲྭ་འདིའི་ནང་གི་དགེ་འདུན་པ་ཡོངས་དང་ཕྱོགས་སོ་སོར་ནས་ཕེབས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པ་ཡོངས་ལ་གུས་འདུད་སྔོན་དུ་བཏང་ནས་ཞུ་བ་བྱ་བ་ནི།
འདི་ན་གོ་སྒྲིག་པ་རྣམ་པས་སྔ་འགྱུར་རྙིང་མའི་ལྟ་གྲུབ་ཀྱི་སྐོར་ནས་སྐར་མ་བཞི་བཅུའི་ཡུན་ལ་ཤོད་གསུང་གིན་ཡོད་འདུག
དེ་འདྲ་ཡིན་དུས་རང་ངོས་ནས་བསམ་བློ་བཏང་ན། སྐྱེས་སྟོབས་དང་སྦྱངས་སྟོབས་ཕྱོགས་གང་ཐད་ནས་ཧ་ཅང་དབུལ་པོ་དབུལ་རྐྱང་ཡིན་པའི་རྒྱུ་མཚན་དེའི་དབང་གིས།
སྐར་མ་བཞི་བཅུ་ཐམ་པའི་ཡུན་ལ་སྔ་འགྱུར་རྙིང་མའི་ལྟ་གྲུབ་ཅིག་བཤད་དགོས་ནི་ཡིན་ན།
གཅིག་ན་དུས་ཚོད་དང་གཉིས་ན་རྣམ་དཔྱོད་ཀྱི་སྒོ་ནས་མི་འདང་པས། དེའི་ཕྱོགས་ནས་འཇོན་ཐང་མེད་ནི་དེ་འདྲ་ཞིག་རེད། ཡིན་ན་ཡང་།
ཁ་སང་ཡང་འདིའི་མཚམས་ན་སྔ་འགྱུར་རྙིང་མའི་བླ་མ་མང་ཙམ་ཞིག་བྱོན་ཡོད་འདུག
དེའི་ཕྱོགས་ནས་ཁོང་ཚོས་གསུངས་ན་ཞེས་རེ་བ་འདྲ་ཕུལ་ནི་ཡིན་ན་ཡང་།
ད་ཁྱེད་ཀྱིས་བཤད་རོགས་ཀྱིས་ཞེས་དེ་འདྲ་གསུངས་སོང་།
དེ་འདྲ་ཡིན་དུས་འདིའི་ཕྱོགས་ནས་སྐད་ཆ་ཉུང་ཉུང་ཞིག་ཨེ་འཁྱོང་བལྟ་རྒྱུ་དེ་ཡིན།
སྤྱིར་ན་སྔ་འགྱུར་རྙིང་མའི་བསྟན་པ་འདི་ལ་བསམ་བློ་བཏང་སོང་ནི་ཡིན་ན་ཀུན་མཁྱེན་རོང་ཟོམ་ཆེན་པོས་སྔ་འགྱུར་རྙིང་མ་པ་ལ་ཁྱད་ཆོས་རྣམ་པ་དྲུག་གསུངས་ཡོད་པ་རེད།
གང་རེད་ཟེར་ན། སྤྱན་འདྲེན་པ་པོའི་ཡོན་བདག་གི་ཆེ་བ།
གང་དུ་བསྒྱུར་སའི་གཙུག་ལག་ཁང་གི་ཆེ་བ། སྒྲ་སྒྱུར་ལོ་ཙྭ་བའི་ཆེ་བ།
གསུང་པ་པོ་པཎྜི་ཏའི་ཆེ་བ། ཞུ་རྟེན་མེ་ཏོག་གི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ་དེ།
ཆེ་བ་རྣམ་པ་དྲུག་དང་ལྡན་པ་དེ་འདྲ་ཞིག་ཡིན་ཞེས་གསུང་གིན་ཡོད་པ་རེད།
དེ་མིན་ན་ཡང་དཔེར་ན་རྙིང་མའི་ལྟ་གྲུབ་ཀྱི་སྐོར་ཐུན་མོང་མ་ཡིན་པ་གླེང་སའི་རྙིང་མའི་ཕྱོགས་ཀྱི་བསྟན་འཛིན་ཆེན་པོ་ཤར་རྒྱལ་བ་ཀ་ཐོག་ཚང་གི་གྲུབ་མཐའི་རྣམ་བཞག་གམ་ཐེག་པའི་རྣམ་བཞག་གསུངས་ཡོད་རེད།
དེ་ཚོ་ལ་ལྟས་ཡོང་ན་ཁྱད་ཆོས་ཀྱི་སྐོར་རགས་ཙམ་རགས་ཙམ་ཤེས་ཡོང་ནི་དེ་འདྲ་ཞིག་རེད།
ཀུན་མཁྱེན་་མི་ཕམ་རྒྱ་མཚོའི་གཞུང་ཞིག་གི་ནང་ན། ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས།
།མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །ཞེས་གསུངས་པས།
ཐུན་མོང་མདོ་ཕར་ཕྱིན་ཐེག་པ་དང་ཐུན་མིན་གསང་བ་སྔགས་གང་གི་དབང་དུ་བྱས་ན་ཡང་།
སྤྱིར་སྔོན་བྱོན་གྱི་པཎྜི་ཏ་དེ་ཚོ་དང་ལྷག་ཏུ་རྔོག་ལོ་ཙཱ་བློ་ལྡན་ཤེས་རབ་ཀྱི་གསུངས་ཤིག་གི་ནང་ན།
བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་ཞང་གསུམ་ཉི་ཟླ་ཟུང་འབྲེལ་འདྲ། །རིན་ཆེན་བཟང་པོ་ཐོ་རང་སྐར་རྗེན་ཙམ།
།ཁོ་བོ་ཅག་ནི་སྲིད་བུ་མེ་ཁྱེར་འདྲ། །ཞེས་དེ་འདྲའི་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ནས་ཡང་དུ་འཐོར་སའི་སྔ་འགྱུར་གྱི་སྒྲ་སྒྱུར་ལོ་ཙཱ་དེ་རྣམས་ཀྱིས་སྔ་འགྱུར་རྙིང་མའི་གཞུང་དེ་རྣམས་སྒྱུར་ཡོང་དུས། བསྒྱུར་ཞུའི་གཏན་ལ་ཕབ་པའི་སྒོ་ནས་གངས་ལྗོངས་ཀྱི་སྣང་བའི་སྒོ་ཆེན་ཐོག་མ་ཕྱེས་ཞེས་བོད་གངས་ཅན་གྱི་བསྟན་པའི་སྒོ་ཆེན་ཐོག་དང་པོ་ཕྱེས་པ་རེད།
དེ་འདྲ་བཤད་ཡོང་དུས། འོ་ན།
གཡུང་དྲུང་བོན་གྱི་བསྟན་པ་འདི་སྔ་འགྱུར་རྙིང་མའི་སྔོན་ནས་དར་བ་ཞིག་རེད་ཟེར་ན།
གཡུང་དྲུང་བོན་གྱི་བསྟན་པའི་དབང་དུ་བྱས་ན་སྔོན་ནས་དར་བ་ཞིག་རེད།
ཡིན་ན་ཡང་ཀུན་མཁྱེན་མི་ཕམ་པས། གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མ་ཕྱེས།
།ཞེས་གསུངས་པ་དེ་གང་གི་དབང་དུ་བྱས་པ་རེད་ཟེར་ན།
རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པའི་དབང་དུ་བྱས་ན་སྔ་འགྱུར་རྙིང་མས་བསྟན་པའི་སྣང་བའི་སྒོ་ཆེན་ཐོག་མ་ཕྱེས་པ་རེད་ཅེས་གསུང་གིན་ཡོད་པ་དེ་འདྲ་རེད།
དེ་ནས་བསྒྱུར་བྱ་དམ་པའི་ཆོས་ཀྱི་དབང་དུ་བྱས་ན་ཡང་།
སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར།
།བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །ཞེས་གསུངས་པས།
གཅིག་མདོ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཡིན་ན་རེད།
གཉིས་ནི་གསང་བ་སྔགས་ཀྱི་ཐེག་པ་གང་གིས་དབང་དུ་བྱས་ན་ཡང་ཉམས་སུ་ལེན་ནས་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་ན་གཞན་གྱི་དྲིང་ལ་མི་ལྟོས་པའམ་དྲིང་དུ་འཇོག་མི་དགོས་པར།
གཅིག་ནི་བཀའ་དང་གཉིས་ནི་བསྟན་བཅོས་ཆ་ཚང་པ་ཡོད་ནི་དེ་འདྲ་ཡིན་པ་རེད།
ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས།
།འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར།
།ཞེས་ཟབ་མོའི་ནང་རྒྱུད་སྡེ་གསུམ་སྔ་འགྱུར་རྙིང་མ་པའི་དབང་དུ་བྱས་ན་མདོ་སྒྱུ་སེམས་གསུམ་ཞེས་ཡོངས་སུ་གྲགས་ཡོད་པ་རེད།དེ་དག་གི་ཡང་བཅུད་ལྟ་བུ་དེ་གང་རེད་ཟེར་ན་གསང་བ་སྙིང་ཐིག་གི་བསྟན་པ་འདི་རེད།
འདི་འདྲའི་སྙིང་ཐིག་གི་བསྟན་པའི་ལམ་འདི་ལ་བརྟེན་ནས་འཇའ་ལུས་ཆོས་སྐུར་མཁའ་ལ་ཁྱུང་ལྡིང་བཞིན་དུ་གཤེགས་སོང་པ་རེད།
མཁས་པ་དང་གྲུབ་པ་བསམ་གྱིས་མི་ཁྱབ་པ་སྔར་ཡང་བྱོན་ཟིན་པ་དང་།
ད་སྐབས་ཀྱང་དངོས་སུ་གྲུབ་པའི་རྟགས་མཚན་འབྱུང་དང་འབྱུང་བཞིན་པ་ཡིན་པ་རེད།
འདི་ཚོ་ལ་བསམ་བློ་བཏང་སོང་ན་སྔ་འགྱུར་རྙིང་མའི་བསྟན་པ་དེ་རྒྱ་ཆེན་པོ་ཞིག་རེད། རྫོགས་པ་ཆེན་པོའི་དབང་དུ་བྱས་ན་ཡང་།
ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས།
།བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །ཞེས་གསུངས་པ་རེད།
ངོ་བོ་སྟོང་པའི་དབང་དུ་བྱས་ན་ཀ་དག་གི་ཡེ་ཤེས་དང་།
རང་བཞིན་གསལ་བའི་དབང་དུ་བྱས་ན་ལྷུན་གྲུབ་ཀྱིས་ཡེ་ཤེས་དེ་ཀ་ལྷུན་ཟུང་དུ་འཇུག་པའི་ལམ་མཆོག་འདི་འདྲ་ཡིན་ན།
འཇམ་མགོན་ས་པཎ་གྱིས་སྔ་རྒོལ་དུ་འཇོག་རྒྱུའི། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས།
།ཞེས་ཧ་ཤང་གི་ལྟ་བ་ཞེས་ཅི་མེད་ཅང་མེད་དེ་ཙམ་བཟུང་ནས་སྒོམ་པ་མ་ཡིན་པར་འཇའ་ལུས་ཆོས་སྐུར་གཤེགས་སོང་པ་མང་ཙམ་ཞིག་ཡོད་པ་རེད།
མཐའ་བྲལ་གྱི་དབང་དུ་བྱས་ན་ཡང་། ཡོད་མེད་ཕྱོགས་རེ་ཞེན་པའི་དམིགས་གཏད་ཞིག
།མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུང་། །གཞི་ལམ་འབྲས་བུའི་སྣང་སྟོང་ཟུང་དུ་འཇུག
།ཅེས་གསུངས་ནས་མཐའ་ཐམས་ཅད་དང་བྲལ་བ་དེ་ཡང་ངེས་པའི་ཤེས་པས་ཐེ་ཚོམ་དང་བྲལ་བའི་སྟེང་ནས་ལམ་ལ་སློབ་རྒྱུ་ཡོད་པ་རེད། དེ་ཡང་ཀུན་ཁྱབ་ཀྱི་ཚད་མ་གསུམ་ཞེས་ཡོངས་གྲགས་ཀྱིས་བཤད་བཞིན་ཡོད་པ་དེ་འདི་རེད།
མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇམ་རིག་པའི་གློག་ཕྲེང་འབར།
།མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །ཞེས་གསུངས་ནས། གཅིག་ན་ལུང་གི་ཚད་མ་དང་།
གཉིས་ན་རིགས་པ་ཚད་མ་དང་།
གསུམ་ན་མན་ངག་ཚད་མ་སྟེ་ཚད་མ་གསུམ་དང་ལྡན་པ་ཞིག་ཡིན་གསུངས་པ་རེད།
དེ་འདྲ་གསུངས་ཡོང་དུས་གོང་དུ་ཞུས་པ་ནང་བཞིན་རེད། ཡག་པོ་ངོ་མ་ཞིག་ཞུ་དགོས་ན་ཞུ་མི་ཤེས་རྒྱུ་དེ་འདྲ་རེད།
ཡིན་ན་ཡང་ས་བཅད་མ་སྟོང་པ་ཙམ་ཞིག་ཕྱོགས་ཙམ་ཞུ་ན། གསང་བའི་སྙིང་པོའི་ནང་ན།
མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།
།འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི།
།ཞེས་གསུངས་པ་ལྟར་དུ་ཐེག་པ་དགུའི་རྣམ་གཞག་བཤད་རྒྱུ་དེ་རེད། དེའི་ནང་ནས་འདི་ན།
མ་རྟོགས་པ་དང་ལོག་པར་རྟོགས། ཞེས་གསུངས་པའི།
མ་རྟོགས་པ་ཞེས་པ་ནི་སློབ་དཔོན་ཉི་འོད་སེང་གེའི་གསུང་གི་ནང་ན་ཕྱལ་བ་དང་རྒྱང་འཕེན་པ་མུར་རྟུག་པ་གསུམ་ནི་མ་རྟོགས་པ་ཡིན་པ་གསུངས་པ་རེད།
ལོག་པར་རྟོགས་པ་ཞེས་པ་དེ་ལས་གཞན་པའི་ཕྱི་རོལ་མུ་སྟེགས་པ་རྟག་ཆད་དུ་ལྟ་བ་དེ་ལ་བྱེད་པ་རེད།
སློབ་དཔོན་སྒེག་པའི་རྡོ་རྗེའི་གསུང་གི་ནང་ན་མ་རྟོགས་པ་ཞེས་པ་དེ་ཕྱལ་བ་ལ་བཞག
ལོག་པར་རྟོགས་པ་ཞེས་པ་དེ་ལས་གཞན་པའི་མུ་སྟེགས་པའི་རྟག་ཆད་དུ་ལྟ་བ་རྣམས་ལ་བཞག་པ་རེད།
པཎྜི་ཏ་བི་མ་ལ་མི་ཏྲ་དང་། ཨོ་རྒྱན་ཆེན་པོའི་མན་ངག་ལྟ་ཕྲེང་གི་དགོངས་པའི་དབང་དུ་བྱས་ན།
མ་རྟོགས་པ་ཞེས་པ་དེ་ཕྱལ་བ་དང་རྒྱང་འཕེན།
ལོག་པར་རྟོགས་པ་ཞེས་པ་དེ་མུ་སྟེགས་པ་དང་མུ་རྟུག་པ་ཞེས་དེ་བཞི་བྱས་ནས་གསུངས་པ་རེད།
གང་ལྟར་ཡང་མ་རྟོགས་པ་ཞེས་པ་དེ་གྲུབ་མཐས་བློ་ཁ་མ་སྒྱུར་བའི་འཇིག་རྟེན་པ་ཕལ་བ་དབང་དུ་བྱས་པ་དང་།
ལོག་པར་རྟོགས་པ་ཞེས་པ་གྲུབ་མཐས་རྣམ་རྟོག་སྒྱུར་ནས་དེའི་སྟེང་ནས་གྲུབ་མཐའི་རྣམ་གཞག་འཇོག་པ་ཞིག་རེད།
དེ་འདྲ་བཤད་ཡོང་དུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་གཞག་གཉིས་རེད།
གང་འཇིག་རྟེན་པའི་མཚན་ཉིད་དམ་འཇིག་རྟེན་པའི་རང་བཞིན་དེ་གང་རེད་ཟེར་ན།
གང་ན་ཟག་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་སྐྱོན་གྱི་རང་བཞིན་ཅན་དེ་འཇིག་རྟེན་པའི་མཚན་ཉིད་རེད། འཇིག་རྟེན་ལས་འདས་པའི་མཚན་ཉིད།
གང་གི་རྒྱུ་ལ་བརྟེན་པས་སྒྲིབ་གཉིས་འཇིག་ཅིང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན་མངའ་བ།འཇིག་རྟེན་ལས་འདས་པ་ཞེས་པ་དེ་འདྲ་ཞིག་རེད།
དེ་འདྲ་ཡིན་དུས་འཇིག་རྟེན་ཁམས་གསུམ་འཁོར་བ་ཞེས་པ་འདི་ཅི་འདྲ་བྱས་ནས་འཁོར་ཡོང་པ་རེད་ཟེར་ན།
རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ་དེ་གསུམ་པོ་རྒྱུ་ཡི་རྐྱེན་ཉིད་དུ་བྱས་པ་དང་།
སྔ་འགྱུར་རྙིང་མའི་དབང་དུ་བྱས་ན་ཞིང་ཁམས་ལ་ཡང་ཆོས་སྐུའི་ཞིང་ཁམས་རང་བཞིན་རྣམ་པར་དག་པའི་ཞིང་དང་།
ལོངས་སྐུའི་ཞིང་ཁམས་ཚངས་པ་རྔ་སྒྲའི་ཞིང་དང་།
སྤྲུལ་སྐུའི་ཞིང་ཁམས་ཚངས་ཆེན་གྱི་ཞིང་ཞེས་ཞིང་ཁམས་རྣམ་པ་གསུམ་ཕྱེ་བཞིན་ཡོད་པ་རེད། དེའི་ནང་གི་གང་ལྟར་ཡང་ཆོས་སྐུའི་ཞིང་སངས་རྒྱས་རང་སྣང་དུ་འཇོག་དགོས་པ་ཞིག་རེད།
ལོངས་སྐུའི་ཞིང་ཁམས་ཀྱང་རྣམ་སྣང་གང་ཆེན་མཚོའི་ཞིང་ཁམས་ལྟ་བུ་རང་སྣང་འབའ་ཞིག་ཏུ་འཇོག་དགོས་པ་རེད།
སྤྲུལ་སྐུའི་ཞིང་ཁམས་ལ་རང་བཞིན་སྤྲུལ་སྐུ་དང་། འགྲོ་འདུལ་སྤྲུལ་སྐུ་དང་།
སྣ་ཚོགས་སྤྲུལ་སྐུ་ཞེས་སྤྲུལ་སྐུ་རྣམ་པ་གསུམ་འཇོག་པ་རེད།
དེ་འདྲའི་སྤྲུལ་སྐུའི་སྟོན་པ་རྡོ་རྗེ་འཆང་གི་སྤྲུལ་སྐུའི་གདུལ་ཞིང་ལ་ཚངས་ཆེན་གྱི་བསྐལ་པ་ཞེས་བཤད་པ་རེད། དེ་འདྲའི་ཚངས་ཆེན་གྱི་བསྐལ་པའི་ནང་གི་སེམས་ཅན་དེ་རྣམས་ཐོག་མར་ཁམས་གསུམ་འཁོར་བ་ལ་འཁོར་ཡོང་དུས།
རྟོགས་ཏེ་སངས་རྒྱས་མ་བྱུང་མ་རྟོགས་ཏེ་འཁོར་བ་མ་བྱུང་པའི་སྔོན་ན་གཞི་རང་གི་ངོ་བོ་ཀ་ལྷུན་ཟུང་དུ་འཇུག་པ་དེ་འདྲ་ཡིན་པ་རེད།
དེ་འདྲའི་དབྱིངས་གཞི་དེ་ལས་གསར་དུ་འཁོར་བ་མེད་སྣང་སྟོང་གཟུགས་ཀྱི་སྣང་བ་འདི་ཤར་ཡོང་དུས།
དེའི་ཚེ་གཞི་སྣང་དེ་རང་སྣང་དུ་ངོ་མ་ཤེས་པ་དེ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཟེར་པ་རེད།
དེ་འདྲའི་གཞི་སྣང་དེ་ཤར་བ་དང་མཉམ་དུ་མ་རིག་པ་དེ་སྐྱེས་པའི་ཆ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཟེར་པ་རེད། དེ་ནས་རང་སྣང་ལ་གཞན་དུ་སྣང་བའི་ཆ་དེ་ལ་ཀུན་ཏུ་བརྟགས་པའི་མ་རིག་པ་ཟེར་པ་རེད།
དེ་འདྲའི་མ་རིག་པ་གསུམ་པོ་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པ་རེད།
མ་རིག་པ་དེ་ཉིད་ཀྱིས་གཞི་ལས་གཞི་སྣང་དུ་ཤར་ཡོང་དུས་རང་གི་ངོ་བོ་རང་སྣང་དུ་མ་ཤེས་པ་དཔྱོད་བྱེད་ཀྱི་ཆ་དེ་གསུམ་པོ་ལ་་ལྡོག་ཆའི་སྒོ་ནས་མ་རིག་པ་གསུམ་ཡིན་པ་ལ་ངོ་བོའི་སྒོ་ནས་མ་རིག་པ་གཅིག་ཡིན་པ་རེད།
དེ་འདྲའི་མ་རིག་པ་དེ་རྒྱུ་ཡི་རྐྱེན་དང་།
རང་ལས་གཞན་དུ་བཟུང་ནས་དཔེར་ན་མེ་ལོང་ལ་བྱད་ཀྱི་སྣང་བ་ཤར་བ་ལྟར་དུ་གཞན་དུ་དམིགས་པའམ་གཞན་དུ་སྣང་བའི་ཆ་ནས་དམིགས་པའི་རྐྱེན་དང་།
ང་དང་ང་ཡིར་འཛིན་པའི་ཆ་ནས་བདག་པོའི་རྐྱེན་དང་།
གསུམ་པོ་དུས་མཚུངས་སུ་ཤར་བའི་ཆ་ནས་དེ་མ་ཐག་པའི་རྐྱེན་ཏེ།
རྐྱེན་བཞིའི་སྒོ་ནས་ཁམས་གསུམ་འཁོར་བ་འདི་ལ་འཁོར་ཡོང་གི་ཡོད་ཟེར་པ་རེད།
དེ་འདྲ་ཡིན་དུས་ཁྱེད་རྣམ་པ་ལ་རང་འདྲ་བས་ཞུ་དགོས་མི་འདུག སྔ་འགྱུར་རྙིང་མའི་གྲུབ་མཐའི་དཀའ་གནད་གཅིག་གང་ན་ཡོད་འདུག་ཟེར་ན།
གཞི་ལས་གཞི་སྣང་ཤར་ཡོང་དུས་གཞི་སྣང་མ་ཤར་བའི་སྔོན་དུ་ཐོག་མའི་སྤྱི་གཞི་དེའི་སྟེང་དུ་འཁོར་བ་ཡང་མ་གྲུབ་ལ་མྱ་ངན་ལས་འདས་པ་ཡང་མ་གྲུབ་པ་ཞིག་ཡིན་ཟེར་པ་རེད།
དེ་ལས་གཞི་སྣང་ཤར་ཡོང་དུས་ཀུན་ཏུ་བཟང་པོ་ཁྱད་ཆོས་དྲུག་གི་སྒོ་ནས་ཚོགས་ཆེན་ཡེ་རྫོགས་ཞེས་ལམ་ལ་སློབ་ནས་ཚོགས་བསགས་མ་དགོས་པར་སྐད་ཅིག་གཅིག་གིས་རང་སྣང་དུ་ཤེས་ནས་ཚོགས་ཆེན་ཡེ་ནས་རྫོགས་པས་སངས་རྒྱས་སོང་པ་རེད།
སྤྱིར་བཏང་ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་ནས་གྲོལ་སོང་བའི་ཆ་ནས་རྙིང་མའི་བཤད་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད།
སྤྱིར་ན་ས་བཅུ་ལམ་ལྔ་རིམ་བཞིན་བགྲོད་མི་དགོས་པར་སངས་རྒྱས་འགྲོ་རྒྱུར་གཞན་པ་གསང་བ་སྙིང་པོའི་རྒྱུད་འདི་ཚོའི་ལུགས་ལ་ཡང་རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷི་ཏི་ཞེས་བཤད་བཞིན་ཡོད་པ་རེད།
དེའི་ནང་གི་རྙིང་མའི་བཤད་སྟངས་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། གཞི་རང་གི་ངོ་བོ་འཁོར་བ་དང་མྱང་འདས་གང་གི་ངོ་བོ་ཡང་མ་གྲུབ་པ་དེ་ལས་གཞི་སྣང་ཤར་ཡོང་དུས།
གཞི་སྣང་དེ་རང་སྣང་དུ་མ་ཤེས་ནས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་ནས་རིམ་གྱིས་འཁྲུལ་ཡོང་པ་ཞིག་རེད།
དེའི་སྐབས་ན་དཀའ་བའི་གནད་གང་རེད་ཟེར་ན།
དཔེར་ན་ཕྱི་རོལ་མུ་སྟེགས་རྒྱང་འཕེན་པས་སེམས་གསལ་རིག་འདི་ལ་ཐོག་མ་ཡོད་པ་དང་།
རང་གི་རིགས་འདྲ་སྔོན་དུ་མ་སོང་བར་ཕ་མའི་ཁུ་ཁྲག་ལས་གསར་དུ་སྐྱེ་ཡོང་པ་བཤད་པ་དེ་དང་མི་མཚུངས་པ་གང་རེད་ཟེར་ན།
ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གཞུང་སྤྱིའི་དཀའ་གནད་འདི་ཚོའི་སྐབས་ནས་གསུངས་ཡོང་དུས་ཐོག་མའི་སྤྱི་གཞི་ལ་འོད་གསལ་བ་འཇོག་རྒྱུ་ཡོད་མེད་ཀྱིས་ཁྱད་པར་ཡོད་ཅེས་གསུངས་པ་རེད།
རྒྱང་འཕེན་པས་སེམས་གསལ་རིག་འདི་ལ་འདུས་བྱས་ཀྱི་ངོ་བོ་གྱུར་པའི་སེམས་གསལ་ཞིག་རིག་པའི་ཉེར་ལེན་གྱི་རྒྱུ་ཉིད་མི་འཇོག་པ་རེད།
སྔ་འགྱུར་རྙིང་མའི་དབང་དུ་བྱས་ན་ཐོག་མའི་རྒྱུ་སྤྱི་གཞི་དེའི་སྟེང་དུ་འོད་གསལ་བ་ཞིག་ཡོད་པ་དེ་རྒྱུ་ཉིད་དུ་འཇོག་བཞིན་ཡོད་པ་རེད།
ཐོག་མའི་སྤྱི་གཞི་ཞེས་པ་དེ་འདུས་མ་བྱས་རྟག་པ་བརྟན་པ་འོད་གསལ་བ་དེ་འདྲ་རེད།
ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་བཤད་པ་ལྟར་རེད།
དེ་ལ་སྔ་ཕྱིས་འགྱུར་བ་ཞིག་འཇོག་མི་ཐུབ་པ་རེད།
རང་གི་ངོ་བོ་དངོས་མེད་བྱ་བྱེད་དང་བྲལ་བ་དེ་འདྲ་ཡིན་ན་དཔལ་ཆོས་ཀྱི་གྲགས་པ་དང་འཇུག་པ་རྩ་འགྲེལ་འདི་ཚོ་ལས་བཤད་ཡོང་ན་རྒྱང་འཕེན་པས་རྒྱུ་མེད་ལས་སྐྱེ་བ་འདོད་ན་རྟག་ཏུ་ཡོད་པར་ཐལ་བ་དང་ཡང་ན་རྟག་ཏུ་མེད་པར་ཐལ་བ་ཞིག་བཀོད་རྒྱུ་དེ་ཡང་།
རྒྱུ་མེད་བཞིན་དུ་དེ་ལྟར་སྐྱེ་བ་ཞིག་འདོད་ན་དེ་འདྲའི་ཐལ་བ་དེ་འབབ་པ་རེད།
དེ་འདྲ་ཡིན་དུས་སྔ་འགྱུར་རྙིང་མའི་དབང་དུ་བྱས་ན། ཐོག་མའི་སྤྱི་གཞི་དེ་ལ་འོད་གསལ་བ་ཞིག་ཡོད་ན་ཡང་གཞི་ལས་གཞི་སྣང་ཤར་བའི་ཐོག་མའི་ཉེར་ལེན་གྱི་རྒྱུ་ཉིད་དུ་འཇོག་ཐུབ་བམ་མི་ཐུབ།
གལ་ཏེ་འཇོག་ཐུབ་ན་ཐོག་མའི་སྤྱི་གཞི་དེ་ཡང་འདུས་བྱས་ཉེར་ལེན་གྱི་རྒྱུ་ཉིད་དུ་ཐལ་འགྲོ་བ་ཞིག་དང་།
གལ་ཏེ་འཇོག་མ་ཐུབ་ན་རྒྱང་འཕེན་པ་ལྟར་དུ་ཐོག་མའི་སྤྱི་གཞི་དེ་ལ་འོད་གསལ་བ་ཞིག་ཡོད་ཀྱང་མེད་ཀྱང་།
མདོར་ན་འཁོར་བ་ཞེས་པ་དེ་འདུས་བྱས་ཞིག་ཡིན་པས་འདུས་བྱས་ཐོག་མ་ཞིག་ལ་རྒྱུ་མེད་པར་ཐལ་བ་དང་།
ཡང་ན་ཐོག་མའི་རྒྱུ་རྟག་པ་ཐལ་བ་གང་རུང་ཞིག་འབབ་པ་རྟོག་ལྡན་གྱི་གང་ཟག་གིས་ཟུར་ནས་དཔྱད་ན།
ད་རུང་དེ་འདྲའི་དོགས་པ་ཞིག་ཡོད་པ་དེ་འདྲ་རེད།
འདིའི་མཚམས་ནས་ཁྱེད་རྣམ་པ་ཆ་ཁ་ལ་དཔེ་ཆ་ཁྲིད་སྟངས་བྱས་ནས་མང་པོ་ཞིག་ཞུ་མ་ཞུ་མེད་པ་རེད།
རྙིང་མའི་ཕྱོགས་ནས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཐེག་མཆོག་མཛོད་དང་ཆོས་དབྱིངས་མཛོད་རྩ་འགྲེལ་དང་།
དེ་ལས་གཞན་པའི་གཞུང་མང་པོ་ཞིག་ལས་ཐོག་མའི་གཞི་ལས་གཞི་སྣང་ཆར་ཚུལ་གྱི་རྣམ་གཞག་བཤད་ཡོད་པ་རེད།
མ་རིག་པ་དེ་ཐོག་མ་གསར་དུ་གྲུབ་ནས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་པ་དེ། རྙིང་མའི་གཞུང་ཚད་ལྡན་ནང་ན་སྐབས་རེ་ཐོག་མའི་སྤྱི་གཞིའི་སྟེང་ན་འཇོག་པ་འདྲ་དང་།
སྐབས་རེ་གཞི་སྣང་ཤར་དུས་གསར་དུ་མ་རིག་པ་དེ་གྲུབ་ཡོང་པ་འདྲ་གཞུང་གི་ནང་ན་བསྟན་ཚུལ་གྱི་སྟེང་ནས་མི་འདྲ་བ་མང་ཙམ་ཞིག་ཡོད་ན་ཡང་།
དོན་གྱི་སྟེང་ན་འཁོར་འདས་གཉིས་མ་བྱུང་པའི་ཐོག་མའི་སྤྱི་གཞི་དེའི་སྟེང་ན་འཁོར་འདས་གཉིས་ཀྱི་ཟླས་ཕྱེ་བའི་མ་རིག་པ་ཞིག་གཞི་ནས་མེད་པ་རེད།
ཡིན་ན་ཡང་ཐོག་མའི་སྤྱི་གཞི་དེ་ལ་དཔེར་ན་ལྕགས་དང་གསེར་ལ་གཡའ་ཐོག་མ་ནས་མེད་ཀྱང་འབྱུང་རུང་དུ་ཡོད་པ་བཞིན་དུ། དྲི་མའམ་མ་རིག་པ་ཐོག་མའི་སྤྱི་གཞི་ལ་འབྱུང་རུང་གི་ཚུལ་དུ་ཡོད་པ་ཡིན་པ་རེད།
གང་ལྟར་ཡང་དེ་འདྲའི་གསར་དུ་སྣང་བའི་མ་རིག་པ་ཞིག་ཡོད་པ་སོང་ནས།
དེ་འདྲའི་གསར་དུ་སྣང་བའི་འདུས་བྱས་ཀྱི་ཆ་དེ་ལ་ཉེར་ལེན་གྱི་རྒྱུ་ཞིག་ཡོད་དམ་མེད་ཅེ་ན།
སྤྱིར་འཁོར་བ་འདི་རྒྱུད་མུ་ཏིག་ཕྲེང་བ་དང་ཀུན་བྱེད་རྒྱལ་པོའི་རྒྱུད་ལ་སོགས་པ་མང་པོ་ཞིག་ལས།
དཔེར་ན་སེམས་ཙམ་རྣམ་རྫུན་པ་བཤད་ཡོང་དུས་སྣང་བ་འདི་དག་སེམས་ཀྱང་མ་ཡིན་ལ་སེམས་ལས་གཞན་པ་ཡང་མ་ཡིན་པ་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་དུ་གསུངས་པ་བཞིན་དུ།
འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་འདི་དག་གམ་ལྷག་ཏུ་འཁོར་བའི་ཆོས་འདི་དག་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟ་བུ་མ་གཏོགས།
བདེན་པ་དང་གྲུབ་པ་ཞིག་གཅིག་ཀྱང་མེད་པར་རྙིང་མས་བཤད་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་འཁོར་བའི་ཐོག་མ་དེ་ལ་ཡང་དངོས་པོ་སྨྲ་བས་འདོད་པ་ལྟར་དུ་ཕྱི་དོན་དང་ཤེས་པ་གང་ཡིན་ན་ཡང་ཚད་མས་གྲུབ་པ་ཞིག་དེ་འདྲ་ཁས་མི་ལེན་ཟེར་པ་རེད།
རྙིང་མའི་བཤད་སྟངས་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་དེ་འདྲ་རེད། གྲུབ་མཐའ་སོ་སོར་དང་ཆོས་བརྒྱུད་སོ་སོའི་དབང་དུ་བྱས་ན།
རྗེ་བདག་ཉིད་ཆེན་པོའི་ཕྱིས་རྩོམ་གྱི་དགོངས་པ་ལྟར་དུ་ཡིན་ན་རྟོག་བཏགས་ཚད་གྲུབ་ཅེས་འཇོག་བཞིན་ཡོད་པ་རེད།
རྙིང་མའི་ལྟ་གྲུབ་གཞིར་བཞག་བྱས་ནས་དེ་ལ་དགེ་འདུན་ཆོས་འཕེལ་གྱིས་དཔྱད་གླེང་མང་པོ་ཞིག་བྱས་ཡོད་པ་དེ་རེད། གང་ལྟར་ཡང་མིང་རྐྱང་བཏགས་ཡོད་ཅེས་པ་དེའི་ཐད་ནས་རྙིང་མའི་ལྟ་གྲུབ་དང་ཕྱོགས་འདྲ་ཞིག་ཡོང་ཐུབ་ན་ཡང་། དེའི་ཟུར་ན་ཚད་མས་གྲུབ་པ་ཞེས་འཇོག་ཡོང་དུས་གཞི་གཅིག་གི་སྟེང་དུ་སྒྲིག་མི་ཐུབ་པ་དེ་འདྲ་རེད།
རྟོག་པས་ཕར་བཏགས་མིང་རྐྱང་བཏགས་ཡོད་ཅེས་པ་དེ་ཡིན་ན་ཡང་ཚད་མས་གྲུབ་པ་ཞེས་པ་དེ་མི་འཐད་པའི་རྒྱུ་མཚན་གྱིས་ཐོག་མའི་མ་རིག་པ་དེ་ལ་ཡང་རྒྱུ་ཞེས་ཁ་ཁ་ལོགས་སུ་འཇོག་མི་དགོས་ཞེས་དེའི་སྟེང་ནས་བཤད་བཞིན་ཡོད་པ་འདྲ་རེད།
ཁྱེད་རྣམ་པ་ལ་དཔྱད་གཞི་ཙམ་དུ་རང་གི་བསམ་ཚུལ་འདྲ་ཡིན་ན་དེ་རེད།
དེ་འདྲ་ཡིན་དུས་སྔ་འགྱུར་རྙིང་མས་འདོད་པའི་ཐོག་མའི་མ་རིག་པ་ལ་རྒྱུ་ལོགས་སུ་མ་གཞག་ན་ཡང་རྒྱང་འཕེན་པ་ལ་ཐལ་བ་འབབ་པ་ལྟར་དུ་རིགས་པའི་གནོད་པ་མི་འབབ་པའི་གནད་ངོ་མ་གཅིག་དེ་གང་ཡིན་ཟེར་ན།
འཁོར་འདས་སྣང་བཏགས་ཀྱི་བསྡུས་པའི་ཆོས་ཐམས་ཅད་མེད་སྣང་སྟོང་གཟུགས་ཀྱི་སྣང་བ་ཙམ་མ་གཏོགས་མེད་པས་དེ་ལ་ཉེར་ལེན་གྱི་རྒྱུ་ཞེས་ལོགས་སུ་འཇོག་མི་དགོས་པའི་གནད་ཀྱིས་རྒྱང་འཕེན་པ་ལ་བརྗོད་པའི་རིགས་པ་དེ་དག་ཐམས་ཅད་འབབ་པའི་གནས་མེད་པ་དང་སྐབས་མེད་པ་ཡིན་པ་རེད།
དཔལ་ཆོས་ཀྱི་གྲགས་པ་དང་དབུ་མ་རྩ་བ་ཤེས་རབ་ནས་བཟུང་སྟེ་དབུ་མའི་རིགས་པ་དེ་ཚོ་རྒྱང་འཕེན་པ་ལ་རྟག་ཏུ་ཡོད་པའམ་མེད་པར་ཐལ་བའི་རིགས་པ་དེ།
འབྲས་བུ་འཁོར་བའམ་དངོས་པོ་འདི་དག་བདེན་པར་གྲུབ་པའམ་ཚད་མས་གྲུབ་པ་ཞིག་ཁས་ལེན་ཚར་དུས་དེ་ལ་ངེས་པར་དུ་རང་གི་ཉེར་ལེན་གྱི་རྒྱུ་རིགས་སྔོན་དུ་མ་སོང་ནས་བཟུང་སྟེ།
ཁྱོད་འཇོག་མི་ཐུབ་པ་རེད།
ཡིན་ན་ཡང་སྔ་འགྱུར་རྙིང་མའི་དབང་དུ་བྱས་ན་དེ་འདྲ་མི་འཇོག་པ་རེད་རྒྱུ་མཚན་གཅིག་དེ་རེད།
རྒྱུ་མཚན་གཞན་པ་ཞིག་ལ་སྣང་བ་འདི་མདོག་མ་སྒྱུར་སྤུ་མ་བརྗེས་པར་ད་ལྟ་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ངོ་བོ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ཞེས་དཔལ་རོང་ཟོམ་ཆེན་པོས་སྣང་བ་ལྷ་སྒྲུབ་ཏུ་གསུངས་པ་རེད།
དེའི་དབང་དུ་བྱས་ན་འཁོར་བ་ཞེས་པ་ལ་ཡང་རྒྱུ་ཞེས་ལོགས་སུ་འཇོག་དགོས་དོན་མེད་པ་རེད།
གང་སྣང་ཐམས་ཅད་རིག་པ་འབའ་རེ་འབུར་རེ་ཞེས་རྫོགས་ཆེན་གྱི་རྣལ་འབྱོར་པ་རྣམས་ཀྱིས་རིག་པ་འབའ་ཞིག་ཏུ་རྟོགས་ཞེས་གསུངས་པ་བཞིན་དུ།
གནས་ལུགས་ཀྱི་དབང་དུ་བྱས་ན་རིག་པ་འབའ་ཞིག་ཡིན་པ་དང་།
སྣང་ལུགས་ཀྱི་དབང་དུ་བྱས་ན་ཡང་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟ་བུ་མ་གཏོགས་འཇོག་མི་དགོས་པ་རྒྱུ་མཚན་དེའི་ཕྱིར་ན།
ཐོག་མའི་རྒྱུ་ཞེས་འདུས་བྱས་ཀྱི་ཆ་ཞིག་འཇོག་མི་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་པ་རེད།
དེ་འདྲ་ཞིག་གི་སྟེང་ནས་དམ་བཅས་ན་རྙིང་མའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཕྱོགས་ཙམ་གཞི་འཛིན་ས་ཞིག་ཨེ་ཡོད་བསམ་རྒྱུ་དེ་རང་གི་བསམ་ཚུལ་ཡིན།
དང་པོ་ཐོག་མ་འཁོར་བ་ལ་འཁོར། དེ་ནས་རིམ་གྱིས་ལམ་ལ་སློབ་སྟེ་མཐར་སངས་རྒྱས་པའི་ཚེ་གོང་དུ་ཞུས་པ་ནང་བཞིན་སྤྲུལ་སྐུ་དེ་ལ་རྫོགས་ཆེན་གྱི་དབང་དུ་བྱས་ན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཞེས་བཤད་ཀྱིན་ཡོད་འདུག ཤཱཀྱ་ཐུབ་པ་ཡང་དེའི་ནང་གི་གཅིག་རེད། གང་ལྟར་ཡང་འབྲས་བུ་མངོན་དུ་བྱེད་རྒྱུ་ཐོབ་བྱ་འབྲས་བུ་དེ་གང་ཡིན་ཟེར་ན་ཐོག་མའི་སྤྱི་གཞི་དེ་མངོན་དུ་གྱུར་པ་དེ་རེད།
ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་།
རྟག་པ་དང་བ་འོད་གསལ་བ། །མི་འཇིག་འདུས་མ་བྱས་པ་ཉིད། །ཅེས་གསུངས་པ་འདྲ་རེད།
ཐེག་ཆེན་རྒྱུད་བླ་མ་དང་།
བཅོམ་ལྡན་འདས་ཀྱི་བཀའ་ཡི་དབང་དུ་བྱས་ན་སྙིང་པོ་བསྟན་པའི་མདོ་བཅུ་དེ་ཚོའི་ནང་ན་གསུངས་པ་དང་།
དེ་ལས་ལྷག་ཏུ་དཔལ་རྒྱལ་བ་ཇོ་ནང་ཡབ་སྲས་ཀྱིས་རྩལ་དུ་བཏོན་ནས་གསུང་བཞིན་ཡོད་པ་དེ་ལྟ་བུ་རེད། དེས་ན་རྫོགས་ཆེན་ནས་བཤད་པའི་གཞིའམ་ཐོབ་བྱ་འབྲས་བུ་དེ་དང་མདོ་ཕར་ཕྱིན་ཐེག་པ། ཐེག་ཆེན་རྒྱུད་བླ་མ་ལས་བཤད་པའི་བདེ་གཤེགས་སྙིང་པོ་དེ་གཉིས་སྟོན་ལུགས་ཀྱི་སྟེང་ནས་ཁྱད་པར་ཨེ་ཡོད་ཟེར་ན། དེ་ལ་རྙིང་མའི་ནང་ན་ཡང་མཁས་གྲུབ་ཚོས་བཤད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པ་ཡིན་ན་ཡང་།
རྒྱལ་བ་ཀློང་ཆེན་རབ་འབྱམས་དང་དཔལ་རོང་ཟོམ་ཆོས་ཀྱི་བཟང་པོའི་དགོངས་པའི་དབང་དུ་བྱས་ན་སྟོན་ཚུལ་གྱི་སྟེང་ན་ཡང་ཁྱད་པར་མེད་གསུངས་པ་རེད།
འོ་ན་མདོ་སྔགས་གཉིས་ཀྱི་ཁྱད་པར་ཇི་ལྟར་བུའི་སྒོ་ནས་འཇོག་ཟེར་ན།
མདོ་ཡི་ནང་ན་རྣམ་གཞག་བཅུ་ཡིས་གཏན་ལ་ཕབ་དྲི་མས་སྒྲིབ་ཚུལ་དཔེ་དགུ།
རྒྱུ་མཚན་གསུམ་གྱིས་ཡོད་པར་སྒྲུབ་པ་འདི་ཡང་ངོ་བོའི་སྒོ་ནས་རྫོགས་ཆེན་དང་སྔ་འགྱུར་རྙིང་མའི་ནང་རྒྱུད་སྡེ་གསུམ་ལས་བསྟན་པ་ལས་ལོགས་སུ་གྱུར་པ་ཞིག་མེད་པ་རེད།
ཡིན་ན་ཡང་ཉམས་སུ་ལེན་ཚུལ་ཐབས་ལམ་བཤད་མ་བཤད་ཀྱི་ཁྱད་པར་དཔེར་ན་རྒྱུད་གསང་བ་སྙིང་པོ་ལྟར་བུ་ལས་གསུངས་ནི་ཡིན་ན།
རྩ་འཁོར་དྲུག་གམ་བཞི་དེའི་ནང་གི་སྙིང་ཁའི་རྩ་འཁོར་ཀུན་ཏུ་བཟང་པོའི་རྩ་འཁོར་འདི་ལ་བརྟེན་ནས། བདེ་བར་གཤེགས་པ་ཉམས་སུ་ལེན་ཚུལ་གསལ་རྒྱས་རྫོགས་པའི་སྒོ་ནས་བཤད་ཡོད་པ་དང་།
མདོ་ཕར་ཕྱིན་ཐེག་པ་དང་མ་ཟད་ངེས་དོན་བསྟན་པའི་མདོ་བཅུ་དང་ཐེག་ཆེན་རྒྱུད་བླ་མ་ལས་ཀྱང་ཉམས་སུ་ལེན་ཚུལ་མ་བཤད་པའི་རྒྱུ་མཚན་གྱིས་ཁྱད་པར་དེ་ཡིན་ཞེས་བཤད་བཞིན་ཡོད་པ་རེད།
དེ་འདྲ་ཡིན་དུས་ཐོབ་བྱ་འབྲས་བུའི་དབང་དུ་བྱས་ན་འབྲས་བུ་དེ་རྟག་པ་རེད། ཀུན་མཁྱེན་མི་ཕམ་པའི་བདེ་གཤེགས་སྟོང་ཐུན་སེང་གེའི་ང་རོ་དང་གཞན་སྟོང་ཁས་ལེན་སེང་གེའི་ང་རོ་གཉིས་ཆར་ནང་ན།
སངས་རྒྱས་འཕགས་པའི་རྣམ་མཁྱེན་དེ་རྟག་པ་ཡིན་ཞེས་མ་ཟེར་ནས།
མི་རྟག་པ་ཡིན་ཟེར་ན་སྐྱབས་འགྲོའི་སྡོམ་པ་ཡང་མེད་གསུངས་པ་རེད།
དེ་འདྲ་བཤད་ཡོང་དུས་བན་ཆུང་རྣམ་པས། འོ་ན། དཔལ་ཆོས་ཀྱི་གྲགས་པ་ཆོས་ཅན།
སྐྱབས་འགྲོའི་སྡོམ་པ་མེད་པར་ཐལ། རྣམ་མཁྱེན་མི་རྟག་པ་བཤད་པའི་ཕྱིར། བཤད་དེ།
ཤེས་བྱ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པའི་ཚད་ཕྱིར་རོ།
།ཞེས་པའི་སྐབས་ནས་གསུངས་པའི་ཕྱིར་ཞེས་བཀོད་ཡོང་ན།
དཔལ་ཆོས་ཀྱི་གྲགས་པས་སངས་རྒྱས་འཕགས་པའི་རྣམ་མཁྱེན་མི་རྟག་པ་བཤད་པ་དངོས་པོ་སྨྲ་བའི་ངོ་ལ་ཚུར་མཐོང་ཚད་མ་དབང་བཙན་དུ་བྱས་ནས། དཔལ་ཆོས་ཀྱི་གྲགས་པས་དེ་འདྲ་བཤད་བཞིན་ཡོད་པ་མ་གཏོགས།
དཔལ་ཆོས་ཀྱི་གྲགས་པས་དོན་གྱི་སྟེང་ན་རྣམ་མཁྱེན་དེ་ཉིད་མི་རྟག་པ་ཡིན་པར་ངེས་པ་དྲང་བའམ།
དེ་འདྲ་བའི་ལོག་རྟོག་ཅིག་རྒྱུ་ལ་སྐྱེ་བ་མཚན་རྨི་ལམ་དུ་ཡང་དཔལ་ཆོས་ཀྱི་གྲགས་པས་དྲན་མ་མྱོང་པ་རེད།
རྒྱུ་མཚན་ཅི་ཡིན་ཞེ་ན།
དཔལ་ཆོས་ཀྱི་གྲགས་པ་སངས་རྒྱས་འཕགས་པའི་རྣམ་མཁྱེན་དོན་ལ་རྟག་མི་རྟག་གང་ཡིན་པ་དེ་ལྟར་ཤེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ།
ཁྱོད་ཚད་མ་སྨྲ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར།
དེ་འདྲ་ཡིན་དུས་དཔལ་ཆོས་ཀྱི་གྲགས་པས་རྣམ་མཁྱེན་མི་རྟག་པ་བཤད་པ་དེ། ཚུར་མཐོང་ཚད་མ་དབང་བཙན་དུ་བྱས་པའམ་ལྷག་ཏུ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་དེའི་ངོ་ལ་ལྟོས་ནས་བཤད་པ་ཡིན་པའི་རྒྱུ་མཚན་གྱིས།
དཔལ་ཆོས་ཀྱི་གྲགས་པ་ལ་དེ་འདྲའི་ལོག་རྟོག་ཅིག་དོན་གྱི་སྟེང་ན་ཡོད་ནས་བཤད་པ་མ་ཡིན་པས།
སྐྱབས་འགྲོའི་སྡོམ་པ་མེད་པར་ཐལ་བའི་སྐྱོན་མེད་ཅེས་ཟེར་དགོས་པ་རེད།
གང་ཟག་སུ་ཞིག་གིས་ངེས་པར་དོན་གྱི་སྟེང་ན་སངས་རྒྱས་འཕགས་པའི་རྣམ་མཁྱེན་མི་རྟག་པ་ཡིན་ནོ་སྙམ་དུ་རང་ལུགས་ལ་དེ་ལྟར་དུ་འཛིན་ན་དེའི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་མེད་ཅེས་དེ་འདྲའི་ཞིབ་ཆ་བྱེད་པ་ཡིན།
དེ་འདྲ་ཡིན་དུས་སངས་རྒྱས་འཕགས་པའི་རྣམ་མཁྱེན་རྟག་པ་ཡིན་པ་ཁས་བླང་ནས། སངས་རྒྱས་འཕགས་པའི་རྣམ་མཁྱེན་གྱིས་བདག་རྐྱེན་དུ་བྱས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་སྐོར་རམ་མ་སྐོར་ཟེར་ན།
སངས་རྒྱས་ཀྱི་བཀའི་མཚན་ཉིད་བཞག་ཡོང་དུས།
རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་སངས་རྒྱས་འཕགས་པའི་རྣམ་མཁྱེན་ལ་བརྟེན་ནས་ཁྱད་པར་བཞི་ལྡན་གྱི་རྒྱལ་བའི་གསུང་རབ་གང་ཞིག་མདོའམ་རྒྱུད་སྡེར་གནས་པ།
ཞེས་པ་དེ་བཅོམ་ལྡན་འདས་ཀྱི་བཀའི་མཚན་ཉིད་ཡིན་པ་རེད།
དེ་འདྲ་དེ་སངས་རྒྱས་འཕགས་པའི་བཀའི་མཚན་ཉིད་དུ་བཞག་ཡོང་དུས་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣམ་མཁྱེན་ལ་བརྟེན་པའམ་སངས་རྒྱས་འཕགས་པ་ལ་བརྟེན་པ་གསུངས་ཡོད་པ་ཡིན་ན།
འོ་ན་རྙིང་མ་པའི་གྲུབ་མཐའ་གཞིར་གཞག་བྱས་ན་སངས་རྒྱས་འཕགས་པའི་རྣམ་མཁྱེན་རྟག་པ་ཞིག་གིས་བདག་རྐྱེན་དུ་བྱས་ནས་ཆོས་ཀྱི་འཁོར་ལོ་ཇི་ལྟར་དུ་སྐོར་ཡོང་པ་རེད་ཟེར་ན།
འདི་ན་བཀའ་བརྒྱུད་པའི་མཁས་པ་ཡང་མང་པོ་ཞིག་བྱོན་ཡོད་རྒྱུ་རེད།
ཀརྨ་པ་མི་བསྐྱོད་རྡོ་རྗེས་དབུ་མ་འཇུག་པའི་དགོངས་པ་སྔ་རབས་པ་པ་ཚབ་བུ་བཞིའི་དགོངས་པ་ལྟར་དུ་རང་སྟོང་བྱས་ནས་བཀྲལ།
རྒྱལ་ཚབ་བྱམས་པ་མགོན་པོའི་མངོན་རྟོགས་རྒྱན་གྱི་དགོངས་པ་དེ་གཞན་སྟོང་ལྟར་བྱས་ནས་རྗེ་བཙུན་ངལ་གསོ་ནང་བཀྲལ་ཡོད་པ་རེད།
དེའི་ནང་ན་སངས་རྒྱས་འཕགས་པའི་རྣམ་མཁྱེན་རྟག་པ་ཡིན་པ་དང་། དེ་ཆོས་ཀྱི་འཁོར་ལོ་སྐོར་བའི་བདག་རྐྱེན་དུ་འགྲོ་ལུགས་ཤིག་གསུངས་ཡོད་པ་རེད།
སྔ་འགྱུར་རྙིང་མའི་གྲུབ་མཐའ་གཞིར་བཞག་བྱས་ན་ཡང་དེ་ཨ་ན་མ་ན་དམ་བཅས་ནས་འགྲོ་ལུགས་དེའི་སྟེང་ནས་བྱས་ན་ཆོག་པ་རེད།
ཅི་འདྲ་རེད་ཟེར་ན། འདུས་བྱས་ཡིན་ན་བདག་རྐྱེན་ཡིན་པ་འཐད་པ་དང་།
འབྲས་བུའི་རྒྱུ་བྱེད་ཐུབ་པ་ཞིག་དང་། འདུས་མ་བྱས་ཡིན་ན་བྱ་བྱེད་དང་བྲལ་བ་ཡིན་པ་ཚུར་མཐོང་གི་བློ་འདིས་དཔྱད་པ་བྱེད་ཡོང་ན་དེ་ཅུང་ཟད་བློ་ལ་འཆར་བདེ་བ་དེ་འདྲ་ཡིན་ན་ཡང་།
དོན་གྱི་སྟེང་ན་འདུས་བྱས་རྒྱུ་ས་བོན་ཞིག་གིས་འབྲས་བུ་སྨྱུ་གུ་ཞིག་སྐྱེ་བཞིན་ཡོད་ན་ཡང་།
ཕྲ་བ་སྐད་ཅིག་གིས་དབང་དུ་བྱས་ན་སྐད་ཅིག་དང་པོ་གྲུབ་ཙམ་ནས་འགག་འགྲོ་རྒྱུ་མ་གཏོགས།
སྐད་ཅིག་དང་པོ་རྒྱུ་བྱ་བ་བྱེད་པ་པོ་གྲུབ་དུས་བསྐྱེད་བྱ་འབྲས་བུ་དེ་མ་གྲུབ་པ་དང་།
བསྐྱེད་བྱ་འབྲས་བུ་རང་གི་ངོ་བོ་འགྲུབ་དུས་ན་སྐྱེད་བྱེད་རྒྱུ་སྐད་ཅིག་མ་གཞི་ནས་འགགས་ཚར་བ་དེ་ཡིན་དུས།
རིགས་པ་ཕྲ་བ་ཞིག་གིས་ཞིབ་ཅིང་ཕྲ་བའི་སྒོ་ནས་དཔྱད་ཡོང་ན་རྒྱུ་སྐད་ཅིག་སྔ་མས་འབྲས་བུ་སྐད་ཅིག་ཕྱི་མ་ཞིག་སྐྱེ་ཞེས་པའི་དོན་དེ་ཡང་ནི།
བྱེད་པ་པོ་ཡོད་དུས་བྱ་བ་བྱེད་ས་མེད་བྱ་བ་བྱེད་ས་ལས་གྲུབ་དུས་བྱེད་པ་པོ་ཡང་མེད་།
མེད་ན་ཡང་རྒྱུ་སྐད་ཅིག་སྔར་མ་སྐད་ཅིག་གཅིག་གི་སྟེང་དུ་གྲུབ་བཞག་པ་དེའི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ཙམ་གྱིས་སྐད་ཅིག་གཉིས་པ་ན་མ་བརྟགས་ཉམས་དགའ་བ་ཙམ་གྱིས་འབྲས་བུ་ཞིག་འབྱུང་སོང་བ་མ་གཏོགས།
ངོ་མ་དཔྱད་པ་ཞིག་བྱས་ཡོང་ན་སྐད་ཅིག་སྔ་མས་སྐད་ཅིག་ཕྱི་མ་ལ་བྱ་བ་བྱེད་ལུགས་རྩ་བ་ནས་འཇོག་ཐབས་མེད་པ་རེད།
ཡིན་ན་ཡང་སྐད་ཅིག་སྔ་མ་གྲུབ་པ་ཙམ་རྒྱུ་མཚན་དུ་བྱས་ནས་སྐད་ཅིག་སྔ་མ་རྒྱུ་དང་སྐད་ཅིག་ཕྱི་མ་འབྲས་བུ་ཞེས་ཐ་སྙད་མ་བརྟགས་ཉམས་དགའ་བ་ཙམ་གྱིས་འཇོག་ཐུབ་བཞིན་ཡོད་པ་རེད།
དེ་འདྲ་ཡིན་དུས་སངས་རྒྱས་འཕགས་པའི་རྣམ་མཁྱེན་ཞེས་སྣང་སྟོང་འོད་གསལ་བའི་ཡེ་ཤེས་ཤིག་ཤེས་བྱའི་ཁོང་ན་གྲུབ་སོང་ན།
དེ་ནས་གདུལ་བྱ་གཞན་སྣང་གི་ངོ་ལ་ཡང་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སྐོར་བའི་དེ་འདྲའི་སྣང་བ་ཞིག་ཀྱང་ཤར་ཡོང་རྒྱུ་ཡོད་པ་རེད།
སངས་རྒྱས་འཕགས་པའི་རྣམ་མཁྱེན་རྟག་པ་ཐེར་ཟུག་གི་རང་བཞིན་ཞིག་གལ་ཏེ་ཤེས་བྱའི་ཁོང་ལ་མེད་སོང་ན།
གདུལ་བྱའི་ངོ་ལ་ཡང་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཞེས་སྣང་རྒྱུ་མེད་པ་དེ་འདྲའི་རྟེན་ཅིང་འབྲེལ་འབྱུང་ཙམ་ལས།
དངོས་སུ་བྱ་བ་བྱས་ནས་ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་ནི་འདྲ་འདུས་བྱས་དངོས་པོའི་སྟེང་ན་ཡང་ཞིབ་ཅིང་ཕྲ་བའི་སྒོ་ནས་དཔྱད་ན་འཇོག་རྒྱུ་མེད་ན་འདུས་མ་བྱས་ཀྱི་སྟེང་ནས་དེ་ལས་ཀྱང་མེད་པ་སྨོས་མ་དགོས་པ་རེད།
དེ་འདྲ་ཡིན་དུས་དཔྱད་པ་མང་པོ་ཞིག་བརྗོད་བསམ་བློ་མང་པོ་ཞིག་བཏང་ཡོང་དུས་ངོ་མ་སངས་རྒྱས་འཕགས་པའི་རྣམ་མཁྱེན་གཤེགས་སྙིང་བསྟན་པའི་མདོ་བཅུ་ལ་སོགས་པ་འདི་ཚོའི་ནང་ནས་གསུངས་པ་ནང་ལྟར་དུ།
དེ་འདྲ་བའི་ཆོས་ཉིད་གཅིག་ཡོད་ཡོང་དུས་ཆོས་ཅན་གྱི་སྣང་བ་སངས་རྒྱས་འཕགས་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཡང་སྐོར་ཡོང་རྒྱུ་ཡོད་པ་དེ་འདྲ་རེད།
དེ་འདྲ་ཡིན་དུས་སྔ་འགྱུར་རྙིང་མའི་གྲུབ་མཐའི་དབང་དུ་བྱས་ན་ཡང་ཐོག་མའི་མ་རིག་པ་འཁོར་བའི་རྒྱུ་ཞེས་པ་དེ་ཡང་ཁམས་གསུམ་འཁོར་བ་ལ་དེ་འདྲ་ཞིག་གིས་སྒོ་ནས་འཁོར་ཡོང་པ་དང་ནི།
མཐར་སངས་རྒྱས་དུས་ཀྱང་ཆོས་འཁོར་རིམ་པ་གསུམ་ཞེས་སྐོར་ཡོང་རྒྱུ་ཡོད་པ་དེ་འདྲ་རེད།
རྗེ་རྒྱལ་བ་བློ་བཟང་གྲགས་པས་དཔལ་ཆོས་ཀྱི་གྲགས་པས་སངས་རྒྱས་འཕགས་པའི་རྣམ་མཁྱེན་མི་རྟག་པ་ཞེས་བཤད་པ་ནང་ལྟར་དུ་དཔེར་ན་དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་དབང་དུ་བྱས་ན་ཡང་རྣམ་མཁྱེན་མི་རྟག་པ་ཉིད་དུ་བཤད་བཞིན་ཡོད་ན།
ཁྱོས་སེམས་བསམ་པའི་སྟེང་ནས་རྗེ་རྒྱལ་བ་བློ་བཟང་གྲགས་པས་རྣམ་མཁྱེན་མི་རྟག་པ་ཉིད་དུ་བཤད་གཞག་པ་ཞིག་རེད་ཅེས་བསམ་པ་ཨེ་ཡིན་ཟེར་ན།
མིན། དེ་ཡང་འཇིག་རྟེན་པའི་དཔེ་ཞིག་ལ། ཁ་གང་གིས་གཏམ་བཤད་ན། ཇ་གང་གི་ངོ་འཚོས།
ཞེས་པའི་སྐད་ཆ་ཨེ་ཡིན་ཟེར་ན་རྩ་བ་ནས་མིན་ལ།
རྒྱུ་མཚན་ཅི་ཡིན་ཟེར་ན་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྗེ་བདག་ཉིད་ཆེན་པོ་ནི་ཁོ་བོ་ཅག་གིས་ཀྱང་བླང་པར་བྱ།
དེའི་གསུངས་ནི་བཅོམ་ལྡན་འདས་ཀྱི་བཀའ་འཁོར་ལོ་རིམ་པ་གསུམ་བཞིན་དུ་དྲང་དོན་དང་ངེས་དོན་གྱི་སྒོ་ནས་བཤད་པ་ལས་ནམ་ཡང་དགག་རྒྱུ་མིན་ཞེས་གསུངས་པ་ནང་བཞིན་དུ།
རྗེ་བདག་ཉིད་ཆེན་པོའི་དགོངས་དོན་གྱི་དབང་དུ་བྱས་ན་ཡང་ལེགས་བཤད་གསེར་ཕྲེང་གི་ནང་ན།
སྐད་ཅིག་མའི་སྦྱོར་བ་བཞི་ཞེས་གཉིས་སུ་མེད་པའི་སྐད་ཅིག་མ་དང་། རྣམ་པར་སྨིན་པའི་སྐད་ཅིག་མ་དང་།
རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་ལ་སོགས་པ་སྐད་ཅིག་མ་བཞི་བཤད་ས་དེ་ན་ཇི་ལྟར་བཤད་པ་དང་།
ལྷག་ཏུ་རྣམ་རྫོགས་སྦྱོར་བ་དང་ནི་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་བཤད་ས་དེ་ན་སངས་རྒྱས་འཕགས་པའི་རྣམ་མཁྱེན་དེ་ཡང་རྟག་པ་བརྟན་པ་ཐེར་ཟུག་གི་རང་བཞིན་ཅན་ཞིག་བཤད་པ་དེ་འདྲ་ཞིག་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྗེས་འབྲང་དེ་ཚོས་དགོངས་པ་བཤད་བཞིན་ཡོད་པ་དང་།
ཇོ་ནང་ཡབ་སྲས་ཀྱི་དགོངས་པ་ལྟ་བུ་ཡང་དེ་འདྲ་བླང་བཞིན་ཡོད་པ་རེད།
བླ་མ་མི་ཕམ་གྱི་བདེ་གཤེགས་སྟོང་ཐུན་སེང་གེའི་ང་རོ་དང་གཞན་སྟོང་ཁས་ལེན་སེང་གེའི་ང་རོ་དང་ལྷག་ཏུ་དམ་ཆོས་དོགས་སེལ་གྱི་ནང་ངེས་དོན་རྔ་བོ་ཆེའི་མདོ་ལ་སོགས་པའི་དགོངས་དོན་ཚུལ་བཞིན་དུ་བཤད་པ་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་རི་ཆོས་ངེས་དོན་རྒྱ་མཚོའི་ནང་ན་བཤད་པ་དེ་ངེས་དོན་རྔ་བོ་ཆེའི་མདོ་ལ་སོགས་པའི་དགོངས་དོན་ཇི་བཞིན་དུ་བཤད་པ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་འདྲ་ཞིག་གི་སྒོ་ནས་སངས་རྒྱས་འཕགས་པའི་རྣམ་མཁྱེན་རྟག་མི་རྟག་ཀུན་མཁྱེན་མི་ཕམ་རྒྱལ་མཚོའི་རྗེས་འབྲང་སྔ་འགྱུར་རྙིང་མ་པ་རྣམས་ཀྱིས་བཤད་འགྲོ་བཞིན་ཡོད་པ་རེད།
ད་དུས་ཚོད་མང་པོ་མི་འདུག་སྐད་ཆ་མགོ་རྔ་ཐོད་བཏུགས་དགོས་པ་རེད།
ཐེག་པ་རིམ་པ་དགུའི་ངོ་བོ་ངེས་ཚིག་དབྱེ་བ། དབྱེ་བ་ལ་ཡང་།
འཇུག་སྒོ་དང་ལྟ་བ་དང་ཚུལ་ཁྲིམས་སྤྱོད་པ་སྒོམ་པ་འབྲས་བུ་ཞེས་དྲུག་རེའི་སྒོ་ནས་ཐེག་པ་རིམ་དགུའི་རྣམ་གཞག་བཤད་བཞིན་ཡོད་པ་རེད།
དེ་ཚོ་དང་སྦྱར་ནས་ཕྱོགས་མགོ་རེ་ཞུས་བཞག་ན་ཡང་ཆོག་ཆོག་རེད།
ཡིན་ན་ཡང་ད་དུས་ཚོད་ཀྱིས་མི་འདངས་པ་རེད།
འོ་ན་སྔ་འགྱུར་རྙིང་མའི་གྲུབ་མཐའི་དབང་དུ་བྱས་ན་གཞན་སྟོང་ཡིན་ནམ་རང་སྟོང་ཡིན་ཟེར་ན།
ད་ལྟ་ཞུས་པ་ནང་བཞིན་རྗེ་བདག་ཉིད་ཆེན་པོའི་དགོངས་པ་དང་ཇོ་ནང་ཡབ་སྲས་ཀྱི་དགོངས་པ་བླང་ནས།
སྔ་འགྱུར་རྙིང་མའི་ལྟ་གྲུབ་གཞིར་བཞག་བྱས་ནས་རང་སྟོང་གཞན་སྟོང་གི་དགོངས་པ་བླང་ལུགས་དེ་ཅི་འདྲ་རེད་ཟེར་ན།
དེ་རྙིང་མ་པ་ཞིག་ཡིན་ནས་བཟུང་ཐུགས་ལ་ངེས་བཞིན་པ་རེད། བླ་མ་མི་ཕམ་གྱིས།
སྔ་འགྱུར་རིང་ལུགས་གང་ཞེ་ན། །ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར།
།མེད་ཅེས་དགག་བྱ་བཀག་ཤུལ་གྱི། །མེད་རྐྱང་དང་ནི་མ་ཡིན་ཞེས།
།བཀག་ཤུལ་ཆོས་གཞན་ཅི་ཞིག་འཕེན། །དེ་གཉིས་བློ་ཡིས་བརྟགས་པ་ཙམ།
།དོན་ལ་གཉིས་ཀ་ཁས་མི་ལེན། །དགག་སྒྲུབ་གཉིས་དང་བྲལ་བ་ཡི། །བློ་འདས་གདོད་མའི་ཆོས་ཉིད་ཡིན།
།ཞེས་སྔ་འགྱུར་རྙིང་མའི་གྲུབ་མཐའ་མཐར་ཐུག་པ་དེ་རེད།
འདིའི་ནང་ན་ཅི་གསུངས་པ་རེད་ཟེར་ན།
རང་སྟོང་ཡང་མིན་ལ་གཞན་སྟོང་ཡང་མིན་གསུངས་བཞག་ཡོད་པ་རེད།
དགག་སྒྲུབ་གཉིས་དང་བྲལ་བ་ཡི། །བློ་འདས་གདོད་མའི་ཆོས་ཉིད་ཡིན།
།ཞེས་པ་འདི་སྔ་འགྱུར་རྙིང་མའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་མཐར་ཐུག་གི་ལྟ་བ་ཟེར་ན་ཆོག་པ་ཕུགས་ཀྱི་སྐྱེལ་སོ་དེ་རེད།
ཀླད་ན། མེད་ཅེས་དགག་བྱ་བཀག་ཤུལ་གྱི།
།ཞེས་མེད་རྐྱང་ལ་གཉིས་འཇོག་པ་རེད།
གཅིག་གཞི་གྲུབ་ན་བདེན་སྟོང་ཡིན་པས་ཁྱབ་ཅེས་པ་དང་།
ཡིན་ན་ཡང་སྟོང་ཉིད་ཅེས་པ་དེ་སྟོང་ཉིད་མེད་དགག་བདེན་པར་གྲུབ་པས་སྟོང་ཙམ་གྱིས་མེད་དགག་ཀ་བ་བུམ་པ་ལ་སོགས་པ་ཐམས་ཅད་ཀྱི་གནས་ལུགས་དེ་ཡིན་པ་དང་།
དེ་ལས་མེད་པ་ཡང་མ་ཡིན་ཡོད་པ་ཡང་མ་ཡིན་པ་མཐའ་བཞི་དང་བྲལ་སོང་དུས་ཧ་ཤང་གི་ལྟ་བ་ཡིན་ཞེས་བཤད་པ།
དེ་འདྲའི་མེད་དགག་གཅིག་དང་།
དེ་ནས་རང་སྟོང་སྨྲ་བའི་གྲུབ་མཐའི་དབང་དུ་བྱས་ན་མེད་དགག་ཅིག་ཀྱང་འཇོག་རྒྱུ་ཡོད་པ་རེད།
དེ་བོད་སྔ་རབས་པས་བཤད་སྟངས་ཀྱི་མེད་དགག་དེ་རེད། དེ་གཉིས་ཀ་མིན་ཟེར་དགོས་པ་རེད།
དེ་ནས་མ་ཡིན་དགག་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་སེམས་ཙམ་པས་འདོད་པའི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་དང་།
སེམས་ཙམ་པ་དེ་ལ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གཞུང་དེ་ཚོ་ལས་གཞན་དབང་གི་ཤེས་པའི་སྟེང་ན་ཀུན་བརྟགས་ཀྱིས་སྟོང་པའི་བདེན་སྟོང་ཞིག་དང་།
ཡོངས་གྲུབ་ཅེས་པ་གཞན་དབང་གི་ཤེས་པ་རང་མ་གཏོགས་མི་འཇོག་པ་དེ་འདྲ་ཞིག་རེད།
ཡིན་ན་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གཞུང་གི་ནང་ན་སེམས་ཙམ་པའི་གཞུང་གི་དབང་དུ་བྱས་ན་ཡང་།
དབུ་མ་པས་བཤད་པ་ལྟ་བུ་རང་སྟོང་གི་ལྟ་བ་སྔོན་དུ་འགྲོ་ནས་བཤད་ཐབས་མེད་ཀྱང་།
ཡིན་ན་ཡང་།
ཡོངས་གྲུབ་དེ་ལ་འགྱུར་མེད་ཡོངས་གྲུབ་ཅེས་གཤེགས་སྙིང་བསྟན་པའི་མདོ་བཅུ་ལ་སོགས་པའི་ནང་ན་རྟག་པ་བརྟན་པ་ཐེར་ཟུག་གི་རང་བཞིན་ཅན་ཁས་ལེན་པ་དེ་འདྲའི་རྣམ་གཞག་འཇོག་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པ་ཡིན་ན་ཡང་།
ཕུགས་ཀྱི་དགོངས་པ་གཅིག་པ་ལོག་ཡོད་པ་དེ་འདྲ་རེད།
གང་ལྟར་ཡང་སེམས་ཙམ་པས་འདོད་པའི་དེ་འདྲའི་གཞན་སྟོང་ཞིག་དང་།
དཔལ་རྒྱལ་བ་ཇོ་ནང་པས་བཤད་པའི་གཞན་སྟོང་དང་།
མཐར་ཐུག་གི་དབང་དུ་བྱས་ན་དེ་གཉིས་ཀ་ལྟར་ཡང་མིན་ཞེས་ཟེར་དགོས་པ་རེད།
དེ་མིན་པའི་རྒྱུ་མཚན་གང་རེད་ཟེར་ན། གཞན་སྟོང་ཉི་ཚེ་བ་སེམས་ཙམ་པ་རྣམས་ཀྱིས་འདོད་པ་དང་དཔལ་རྒྱལ་བ་ཇོ་ནང་པས་བཤད་པའི་གཞན་སྟོང་གཉིས་ཀ་གང་ལྟར་ཡང་དགག་སྒྲུབ་གཉིས་ཀྱི་ཟླས་ཕྱེས་པའི་སྒྲུབ་པ་ཞིག་རེད།
དེ་འདྲའི་སྒྲུབ་པ་དེ་ཡང་ཁས་མི་ལེན་པ་རེད།
དགག་པ་ལ་ཡང་གོང་དུ་བཤད་པ་ལྟར་དུ་སྟོང་ཉིད་མེད་དགག་ཀུན་རྟོག་གི་སྤྱོད་ཡུལ་དུ་གྱུར་པའི་དེ་འདྲའི་མེད་དགག་ཅིག་ཁས་ག་ལ་ལེན།
མ་ཟད་པ་ཚབ་བུ་བཞིའི་དགོངས་པ་ལྟ་བུ་བོད་སྔ་རབས་པ་རྣམས་ཀྱིས་འདོད་པ་རང་སྟོང་གི་གྲུབ་མཐའ་ལྟ་བུ་དེ་འདྲའི་དགག་པ་ཞིག་ཀྱང་ཁས་མི་ལེན་པ་རེད།
དེའི་རྒྱུ་མཚན་གྱིས། དགག་སྒྲུབ་གཉིས་དང་བྲལ་བ་ཡི།
།བློ་འདས་གདོད་མའི་ཆོས་ཉིད་ཡིན། །ཞེས་མཐར་ཐུག་གི་དབང་དུ་བྱས་ན་དེ་རེད། ཡིན་ན་ཡང་གནས་སྐབས་ཀྱི་གྲུབ་མཐའི་དབང་དུ་བྱས་ན་དཔལ་རྒྱལ་བ་ཇོ་ནང་པས་བཤད་པའི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པའི་རྒྱུ་མཚན་གསུམ་གྱིས་ཡོད་པ་སྒྲུབ་རྣམ་གཞག་བཅུ་ཡིས་གཏན་ལ་ཕབ་པ་ཡིན་ཡོད་དུ་སྒྲུབ་པའི་གཞན་སྟོང་དེ་དང་།
པ་ཚབ་བུ་བཞིའི་དགོངས་པ་སྟོང་ཉིད་མཐའ་ཐམས་ཅད་དང་བྲལ་བ་སྟོང་ཉིད་མེད་དགག་ཆེན་པོ་དེ་གཉིས་ཀ་སྔ་འགྱུར་རྙིང་མའི་གནས་སྐབས་ཀྱི་གྲུབ་མཐའ་འཇོག་པ་ཡིན། མཐར་ཐུག་གི་གྲུབ་མཐའ་ལ། དགག་སྒྲུབ་གཉིས་དང་བྲལ་བ་ཡིས། །བློ་འདས་གདོད་མའི་ཆོས་ཉིད་ཡིན། །ཞེས་པ་དེ་ཡིན།
ཐེག་པ་རིམ་པ་དགུ་པོ་དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོས། ཆོས་ཅན་ཀུན་རྫོབ་སྣང་བའི་ཆ། །དོན་དམ་གཤིས་སུ་མཐོང་གོམས་ཀྱི།
།བློ་ནུས་ལ་བརྟེན་བྱ་བ་དང་། །ཆ་མཉམ་རྣལ་འབྱོར་བླ་མེད་བསྟན།
།དེས་ན་བདེན་གཉིས་སོ་སོ་ཡིས། །རྒྱུད་སྡེའི་མཐོ་དམན་མི་འབྱེད་ཀྱང་།
།བདེན་གཉིས་ཟུང་དུ་འཇུག་པ་ལ། །ཅི་ཙམ་ཡིད་ཆེས་ཐོབ་པ་བཞིན།
།ཉམས་ལེན་དེ་ཡི་རྗེས་སུ་འབྲང་། །ཞེས་འདིའི་སྟེང་ནས་ཐེག་པ་རིམ་པ་དགུ་པོ་དེ་བཤད་ཡོང་དུས་གང་ལྟར་ཡང་ཆོས་ཅན་གྱི་སྣང་བ་འདི་ཐམས་ཅད་ཆོས་ཉིད་གཤིས་ཀྱི་ཀློང་དུ་སོན་ཐུབ་དང་མ་ཐུབ་ཀྱི་ངེས་ཤེས་དེའི་སྟེང་ནས་ཐེག་པ་རིམ་པ་དགུ་པོ་འཇོག་རྒྱུ་ཡིན་མ་གཏོགས།
གལ་ཏེ་ཐེག་པ་རིམ་པ་དགུ་ལ་ལྟ་བའི་སྒོ་ནས་ཁྱད་པར་འཇོག་མ་ཐུབ་ན། དཔེར་ན་ནང་རྒྱུད་སྡེ་གསུམ་ལྟ་བུ་ལ་བསམ་བློ་བཏང་སོང་ན་ཡང་ཕྱི་རྒྱུད་སྡེ་གསུམ་ལྟར་དུ་ལྟ་བ་ལ་ཁྱད་པར་མེད་པ་ཡིན་ན།
གཙང་རྨེ་གཉིས་འཛིན་ཀྱི་ལྟ་བ་ལ་སོགས་པ་གཞོམ་པའི་ཕྱིར་དུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ལ་སྤྱོད་པ་ཡང་མ་རྟོགས་ཐོ་ཅོའི་སྤྱོད་པ་ཉིད་དུ་ཐལ་བ་དང་།
ཕྱི་རྒྱུད་སྡེ་གསུམ་གྱིས་ཀྱང་ནང་རྒྱུ་སྡེ་གསུམ་ལྟར་དུ་རྟོགས་ཡོད་ན་དཀའ་ལས་དཀའ་ཚེགས་མང་པོ་ཞིག་བརྗོད་ནས་གཙང་སྦྲ་ལ་སོགས་པ་བྱེད་པ་འདི་ཡང་རང་གིས་རང་ལ་ངལ་བ་ཙམ་བྱས་པ་ཐལ་བ་དང་།
རྒྱུ་མཚན་དེ་ཡི་སྒོ་ནས་ཐེག་པ་རིམ་པ་དགུ་པོ་ལ་ལྟ་རིམ་གྱིས་སྒོ་ནས་ཁྱད་པར་འཇོག་རྒྱུ་ཡོད་པ་རེད།
དེ་ཡང་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་ཀྱིས་ལྷ་རྒྱལ་པོ་དང་རྗེ་འཁོར་གྱིས་ཚུལ་དུ་ལྟ་རྒྱུ་དང་སྤུན་དང་གྲོགས་པོའི་ཚུལ་གྱི་ལྟ་རྒྱུ་དེ་ཡང།
ལྟ་བ་དག་མཉམ་བདེན་པ་དབྱེར་མེད་རྟོགས་པ་ཕྱི་རྒྱུ་སྡེ་གསུམ་ལ་མེད་པ་དེའི་སྟེང་ནས་བདག་དང་ལྷ་ལ་བཟང་ངན་དུ་ལྟས་ཡོང་པ་རེད།
དེའི་ཕྱིར་ལྟ་བའི་སྟེང་ནས་ཐེག་པ་རིམ་པ་དགུ་འཇོག་ཟེར་རྒྱུ་དེ་ཡིན།
རྙིང་མ་པའི་ལྟ་གྲུབ་མདོར་བསྡུས་མདོར་བསྡུས་ཤིག་བྱས་ན་དེ་འདྲ་རེད། མཇུག་མཐར། བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ།
།བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པར། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས།
།མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས།
།རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པ། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འོ་ལགས་སོ།།
ཞེས་པ་འདི་ནི་བླ་མ་དམ་པ་མཁན་པདྨ་ཆོས་ཉིད་དམ་ཆོས་ཐོ་ནས་སྔ་འགྱུར་རྙིང་མའི་མདོ་སྔགས་ཀྱི་ལྟ་གྲུབ་སྐོར་གྱི་ཟབ་གནད་རྨད་དུ་བྱུང་བའི་གསུང་གླེང་འདི་རང་ནུས་གང་ཡོད་ཀྱིས་ཁོང་གི་གསུང་སྒྲོས་མ་ཉམས་པར་མཁན་མིང་པ་ཀུན་དགས་བོད་རབ་གནས་ལྕགས་བྱི་ལོའི་དཔྱིད་ཟླ་འབྲིང་པོའི་དཀར་ཕྱོགས་རྒྱལ་བའི་གྲལ་ཚེས་ལ་ཡིག་ཐོག་ཏུ་ཕབ་བཤུས་བགྱིས་པའོ།
།དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ། །།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།