རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 20 April 2020

ཏོག་དབྱིབས་ནད་ཡམས་ཀྱི་དོན་རྐྱེན་འོག་བལ་ཡུལ་ལས་རྒྱ་གར་གྱི་གནས་སྟངས་སྐྱོ།


རྩོམ་པ་པོ། པདྨ་དགོས་འབྱོར།

ཏོག་དབྱིབས་ནད་ཡམས་ཀྱི་དོན་རྐྱེན་འོག་དེང་སྐབས་ས་ཁུལ་གང་སར་དཀའ་ངལ་ཆེན་པོ་འཕྲད་མུས་རེད། དམིགས་བསལ་རྒྱ་གར་ནང་དཀའ་ངལ་ཆེན་པོ་འཕྲད་མུས་རེད་འདུག དེ་ནི་མུ་གེ་རེད། མི་མང་པོས་བལ་གཞུང་སྐྱོ་རབས།  དམིགས་བསལ་ད་ལམ་གནས་སྟངས་འདིའི་འོག་བལ་གཞུང་ངོ་ཚས་མྱོས་རྒྱུ་དང་། མང་ཚོགས་ལ་ཟ་ཅའི་དཀའ་ངལ་ཆེན་པོ་འཕྲད་ངེས་ཀྱི་སྡོམ་ཚིག་སྔ་མོ་ནས་བཀོད་མོད། འོན་ཀྱང་། ད་ལམ་བལ་གཞུང་དེ་ལྟར་མིན་པར་གང་ཐད་ནས་རང་མགོ་ཐོན་པ་གནང་ཡོད། འདི་ནས་མང་ཚོགས་ལ་ཟ་ཅའི་དཀའ་ངལ་ཕྲན་བུ་ལས་མེད། ངས་ང་རང་གི་རྒྱལ་ཁབ་ལ་ཆེ་མཐོང་དང་གུས་བརྩི་ཞུ་རྒྱུ་ཡིན།

རྒྱ་གར་ལ་མཚོན་ན་ཉིན་རེའི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་བརྒྱ་ཆ་སུམ་ཅུ་ཙམ་ཡོད་སྐད། ད་དུང་སྡོད་སའི་གནས་ར་མེད་པའི་གྲངས་ཀྱང་ཧ་ཅང་མང་པོ་རེད། ཆབ་སྲིད་ནི་ཆབ་སྲིད་རང་རེད། ཆོས་སྐྱོང་རང་མགོ་མི་ཐོན་ལ། མགོ་ནག་མིའི་སྲོག་སྐྱོབ་བྱེད་ཁུལ་སྟེ། སོ་སོའི་མང་ཚོགས་ལྟོགས་ཤི་ཐེབས་ལ་ཁད་པ་ཚོ་སྣང་མེད་དུ་བཞག་ཏེ་རྒྱལ་ཁབ་གཞན་ལ་རོགས་སྐྱོར་གྱི་སྐད་ཆ་ཤོད་ཀྱི་ཡོད། 

འདི་ལྟ་བུའི་གནས་སྟངས་འོག་རྒྱ་གར་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རྒྱུ་མཚན་གཅིག་ནི་རྒྱ་གར་གྱི་མི་ལ་ལྷག་བསམ་ཡོད་མ་རེད། མི་དང་མིའི་དབར་གྱི་བསམ་ཤེས་ཀྱང་ཧ་ཅང་ཞན་པོ་རེད། སྔ་མོ་ང་རང་རྒྱ་གར་དུ་ལོ་དགུ་ཙམ་སྡོད་རིང་དེའི་སྐོར་གང་ཡང་ཤེས་ཀྱི་མེད། འོན་ཀྱང་། ལོ་སྔོན་མ་་དྷེ་ར་དྷུན། དྷི་ལི། མོམ་བྷེ་བཅས་སུ་ཉིན་ལྔ་ཙམ་གྱི་འགྲུལ་བཞུད་སྐབས་བལ་ཡུལ་མང་ཚོགས་ཀྱི་བརྩེ་བ་དྲན་བྱུང་ལ། མི་དང་མིའི་དབར་གྱི་བསམ་ཤེས་ཀྱང་དེ་བས་ལྷག་ཏུ་དྲན།  འདི་ནས་ཆ་མེད་རྒྱུས་མེད་ཚོས་ས་སྣ་ལམ་རྒྱུས་རེ་རེ་དྲིས་དུས་སེམས་ནང་ལ་བརྩེ་བ་དྲོད་མོ་རེ་འོང་གི་ཡོད། འཕྲུལ་རྟའི་རྡབ་རྐྱོན་ལྟ་བུའི་དོན་རྐྱེན་རེ་རེ་བྱུང་སྐབས་ཉེ་འཁོར་གྱི་མི་ཀུན་དེ་མ་ཐག་འཛོམས་ཏེ་ལ་ལས་འཕྲུལ་རྟ་ཡར་སློང་། ལ་ལས་མིས་གོན་ཆས་ཀྱི་ཐལ་རྡུལ་འཕྱིད། མདོར་ན་ཚང་མས་དཀའ་ངལ་འཕྲད་དུས་གཅིག་གིས་གཅིག་ལ་་སེམས་ཁུར་བྱེད། 

ངས་ཧ་གོ་བ་ལ་རྒྱ་གར་འབྱོར་ལྡན་ Mukesh Ambani དང་གློག་བརྙན་འཁྲབ་སྟོན་པ་ Salman Khan སྲིད་བློ་མོ་དྷིའི་ཨ་མ་ Heeraban ཙམ་ལས་ད་ལམ་མང་ཚོགས་ཀྱི་ངལ་སེལ་རོགས་སྐྱོར་གནང་མཁན་མཐོ་རིམ་མི་སྣའི་ཁྲོད་ནས་དེ་ཙམ་མཐོང་རྒྱུ་མེད།  མང་ཚོགས་དཀྱུས་མའི་ཁྲོད་ནས་དེ་བས་དཀོན་པོ་རེད།  བལ་ཡུལ་ལ་མཚོན་ན་མང་ཚོགས་དཀྱུས་མའི་ཁྲོད་ཐུབ་ཚོད་རོགས་འདེགས་བྱེད་མཁན་ཧ་ཅང་མང་པོ་རེད། སྤྱི་ཚོགས་དྲ་བ་གཉེར་བའི་མི་སྒེར་རེ་རེས་བྱེད་སྒོ་རེ་སྤེལ་དུས་མི་སྒེར་རེ་རེའི་དོན་དུ་བལ་ཡུལ་མང་ཚོགས་ཀྱིས་སྒོར་མོ་དུང་ཕྱུར་དུང་ཕྱུར་ཞལ་འདེབས་སྤྲོད་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་དབང་པོ་སྐྱོན་ཅན། དབུལ་བོ་བཅས་ཀྱི་མི་ཚེར་གཞོགས་འདེགས་གྲུབ་པ་ཧ་ཅང་མང་པོ་རེད། ཧ་ཅང་འཚོ་བ་སྐྱོ་བོ་ཚོས་ཀྱང་སོ་སོ་ལས་སྐྱོ་ཙམ་ཞིག་མཐོང་ན་མིག་ནས་མཆི་མ་འདོན་བཞིན་ང་ལ་སྒོར་སྟོང་གཅིག་ཡོད། ལྔ་བརྒྱ་ཁོང་ལ་སྟེར་རྒྱུ་ཡིན་ཟེར་གྱི་ཡོད། དེ་ལྟ་བུའི་བསམ་ཤེས་དང་ཚོར་བ་དེ་རྒྱ་གར་མང་ཚོགས་ལ་ཡོད་མ་རེད། 

འཛམ་གླིང་ཁྱོན་ཡོངས་ནས་བཤད་དོན་ལྟར་ན་ད་ལྟའི་ཉག་ཕྲ་བའི་གནས་སྟངས་དེ་གདོང་ལེན་ཐུབ་ཐབས་སུ་མི་རེ་ངོ་རེས་འོས་འགན་རེ་ཁུར་དགོས་ཟེར། རྒྱ་གར་ལ་མཚོན་ན་ལྟོགས་ཤི་ཐེབས་ལ་ཉེ་བའི་མང་ཚོགས་བརྒྱ་ཕྲག་སྲང་ལམ་དང་ཟམ་འོག་ན་ལུས་འདུག་པ་ཚོར་སྲིད་བློན་མོ་དྷི་མཆོག་གིས་དངུལ་ལོར་བསྒྱུར་བཅོས་སྐབས་གསེར་གྱི་སྟོད་གོས་གོན་མཁན་ལྟ་བུའི་འབྱོར་ལྡན་ཚོར་ལྟོ་ཐེངས་རེ་རེའི་སྦྱིན་གཏོང་ཙམ་གྱི་བག་ཆགས་ཡོད་མ་རེད། བལ་ཡུལ་ལ་མཚོན་ན་ཉམ་ཐག་ཁག་གཅིག་ལ་ཟླ་བ་གཉིས་གསུམ་འདང་ངེས་ཀྱི་ཟ་ཅ་སྟེར་མཁན་བྱུང་ཡོད། 

བལ་ཡུལ་གྱི་སྲིད་བློན་གཙོས་མཐོ་རིམ་མི་སྣ་ཁག་ཅིག་གིས་ཟླ་བ་ཁ་ཤས་ཀྱི་གླ་ཆ་ནད་ཡམས་གདོང་ལེན་ལས་འགུལ་ལ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་གར་ནས་གོ་རྒྱུ་མི་འདུག ནད་པའི་གྲངས་འབོར་ནི་བལ་ཡུལ་ལས་རྒྱ་གར་ལྡབ་བཅུ་ཕྲག་གིས་མང་། 

20/04/2020


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།