རྩོམ་པ་པོ། དྷཱིཿབུ་བློ་བསྟན།
ཧ་ལམ་ཁ་བྱང་འདི་དང་འབྲེལ་ཏེ་གཏམ་གླེང་བྱས་ན་ཕལ་ཆེར་ཁ་བྱང་འདི་དང་འབྲེལ་ཡོད་ཀྱི་མྱི་མང་པོ་ཞིག་མྱིག་རྩ་དམར་པོར་ཆགས་ཤིང་ནང་སེམས་ལ་ཞེ་སྡང་ལངས་སྲིད་ལ་ཡང་ཁ་ཅིག་ཁོང་དགོད་དང་བཅས་ཏེ་དེང་སང་གི་སྐད་ཆ་ལ་མ་རྩ་མེད་རབས་བཤད་སྲིད། ཡིན་ཀྱང་སྲིད་ལ་གཅིག་ཅེ་ན་ངའི་སྐད་ཆ་འདིར་བསམ་གཞིགས་ཀྱི་རིན་ཐང་མེད་པས་ཁྱེད་ཀྱི་དུས་ཚོད་མང་པོ་ཞིག་ཤོར་ལྷག་ཏུ་གཏོང་སྲིད་པས་ཁྱོས་མ་ཉན་ན་ཆོག་ལ་མ་བལྟས་ནའང་ཆོག་མོད། སྐད་ཆ་ཞིག་ལ་འདི་འདྲ་ཞིག་ཡོད། འདི་ལ་ཉན་འདོད་མེད་ཀྱང་བཤད་ན་འདོད་ཟེར་བ་ལྟར་ངས་ཀྱང་བཤད་ན་འདོད་སོང་།
ལོས་ཡིན་ངས་བཤད་ན་ལོས་འདོད་ང་ཁོར་ཡུག་འདིར་སྐྱེས་བའི་མྱི་ཡིན།
ང་ཁོར་ཡུག་འདིར་གོམས་ཤིང་ཁོར་ཡུག་འདིས་འཚོས་ཡོད།
ངས་རང་གི་ཁོར་ཡུག་འདིའི་དབྱར་ཟླ་གསུམ་གྱི་མཛེས་པ་དང་དགུན་ཟླ་གསུམ་གྱི་གྲང་རླུང་ལག་པས་ཚོར་ཤིང་མིག་གིས་མཐོང་ཡོད།
དེ་བས་ང་དང་ང་ལྟ་བུས་བཤད་ན་ད་བཟོད་བཤད་པའི་རིན་ཐང་ཡོད་ལ་དྲང་བདེན་ཡང་ཡིན། འདི་ནི་ངས་རང་ཉིད་ཀྱི་མིག་མཐོང་ལག་ཟིན་དང་རང་ཉིད་ཀྱི་བསམ་གཞིག་གི་ནུས་རྩལ་ལས་བཏོན་པ་ཡིན་ཙ་ན་མ་དག་པ་དག་པར་སྦྱང་མཁན་དང་ཐམས་ཅད་དག་སྣང་དུ་ལྟ་མཁན་རྣམས་ལ་དགོངས་འཆར་བསྩོལ་བའི་རེ་བ་ཅང་མེད།
གྲོང་ཆོག་ནི་གྲོང་བའི་ནང་སྒྲུབ་དགོས་པའི་ཆོ་གའི་རིགས་ཤིག་ཡིན་ལ་སྒྲུབ་མཁན་ཕལ་མོ་ཆེ་གྲྭ་བའི་སྡེ་ཁག་ན་ཡོད་མཁན་ཞིག་རེད།
བོད་ཀྱི་སྤྱི་ཚོགས་ནང་གྲོང་ཆོག་ནི་མེད་ཐབས་མེད་པའི་རིག་གནས་སམ་ཡང་ན་རང་གཞན་གཉིས་ཕན་གྱི་གོ་གནས་གལ་ཆེན་ཤིག་ཟིན་ཡོད།
གྲོང་ཆོག་ཆོ་གའི་རིག་གནས་ནི་གནས་འདི་དང་དུས་རབས་འདི་ལ་བྱུང་བ་སོགས་ཀྱི་བརྗོད་པ་ཧ་ལམ་བཀའ་བར་འདུག་ནའང་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ནི་གྲོང་ཆོག་ནི་གནའ་བོ་རྒྱ་གར་བའི་ནང་བསྟན་རྗེས་འཇུག་པ་དག་གྲོང་བའི་ནང་ཟས་སློང་དུ་སོང་ཤིང་རྗེས་མར་སྦྱིན་བདག་ལ་ཆོས་སྦྱིན་གྱི་ཚུལ་དུ་ཆོས་གསུང་བ་ཡིན་ལ།
དུས་རབས་དང་ལོ་རབས་གང་མཚམས་ཤིག་ཕྱིན་རྗེས་རིམ་བཞིན་འགྱུར་བ་ཕྱིན་པ་རེད་སྙམ། ལྷག་པར་བོད་ནང་སངས་རྒྱས་ཀྱི་བསྟན་པ་དར་བ་དང་གསང་སྔགས་རིག་གནས་དར་བ་ནས་བཟུང་གྲོང་ཆོག་ཆོ་གའི་རིག་གནས་ནི་སྐྱ་བོ་གྲོང་བའི་སྡེ་དང་སེར་མོ་བན་དེའི་སྡེ་ཁག་གཉིས་ཀྱི་འབྲེལ་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
མ་ཟད་ཆོ་ག་འདིའི་ནང་ཆོས་བས་འདོན་རྟ་དབྱངས་རེ་བཀུག་ཙམ་བྱས་ན་སྦྱིན་བདག་གིས་སྒོར་མོ་རེ་འབུལ་སྲོལ་ཡོད་པ་ནི་ཞུ་མ་དགོས་པ་ཞིག་ཡིན་མོད།
འདིས་ནི་གྲོང་ཆོག་རིག་གནས་ཀྱི་རྨང་གལ་ཆེན་ཞིག་ཀྱང་བཟུང་འདུག་སྙམ་སོང་།
གཅིག་ཅེ་ན་སྲོལ་འདི་ནི་རྒྱ་གར་བའི་ནང་བསྟན་བོད་ནང་དར་སྐབས་ང་ཚོར་བྱིན་པའི་ཤུལ་བཞག་ཤིག་ཡིན་ཀྱང་སྲིད།
ཅིའི་ཕྱིར་ཞེ་ན་སྔོན་མ་རྒྱ་གར་བའི་ནང་བསྟན་བོད་དུ་དར་སྐབས་སྔོན་བྱུང་ལོ་ཆེན་དེ་དག་དཀའ་བ་བརྒྱ་ཕྲག་གི་འཇིགས་པ་ལས་བརྒལ་ཏེ་རྒྱ་གར་དང་བལ་བོ་སོགས་སུ་ཕྱིན་ཏེ་བླ་མར་འཇལ་སྐབས་ཆོས་ཡོན་དུ་གསེར་དངུལ་ལ་སོགས་ཀྱིས་མཚོན་པའི་རིན་བྲལ་གྱི་ནོར་བུ་དག་འབུལ་སྲོལ་ཡོད་པ་འདི་རྗེས་མར་གྲོང་ཆོག་ཆོ་གའི་རིག་གནས་སུ་རིམ་བཞིན་ཐུམ་སོང་བ་མ་ཡིན་ནམ་སྙམ།
གྲོང་ཆོག་ནི་སྐྱ་སེར་གཉིས་ཀྱི་འབྲེལ་ལམ་ཟབ་མོ་ཤིག་འཇོག་བྱེད་ཡིན་པར་མ་ཟད་དད་ལྡན་མང་ཚོགས་ཀྱི་དད་པ་སྲ་བརྟན་ཡོང་བ་དང་ཁྱིམ་ཚང་ཤིག་ཏུ་སྡུག་ག་གེ་མོ་ཞིག་ཐོན་སྐབས་རེ་ཐག་གི་འདུན་པ་བཅོལ་སའང་ཡིན།
དམངས་སྲོལ་རིག་གནས་སུ་ཚུད་པའི་གྲོང་ཆོག་གི་ཆོ་ག་འདིའི་ནང་འདོན་རྟ་དབྱངས་གསུམ།
རྔ་སྦུབ་དང་རོལ་མོ་དཀྲོལ་སྟངས། ས་དཔྱད། ཐིག་རྡུལ་ཚོན།
དཀྱིལ་འཁོར་དང་བློས་བསླངས་བཞེངས་སྟངས་སོགས་ཐུན་མིན་གྱི་བཟོ་ལས་སྒྱུ་རྩལ་བྱེ་བྲག་སྣ་ཚོགས་པ་བློ་ཡུལ་དུ་མི་ཤོང་བ་མང་དུ་ཡོད་པར་མ་ཟད་གནའ་བོའི་བཟོ་རིག་པའི་སྒྱུ་རྩལ་གྱི་རྨང་གལ་ཆེན་ཤིག་ཀྱང་ཟིན་ཡོད།
འདི་དག་ནི་མཐར་ཐུག་ན་གང་ཟག་གཅིག་གི་རྟོགས་པའི་འཕེལ་རིམ་དང་དམིགས་རིམ་ཆ་ཚང་ཞིག་མཚོན་ཐུབ་ཚུལ་སོགས་བཤད་ན་བཤད་མི་ཚར་གླེང་ན་གླེང་མི་ཚར་བ་མང་པོ་ཡོད།
རྒྱུ་མཚན་གཞན་ཞིག་ནས་བཤད་ན་གྲོང་ཆོག་ལ་འགྲོ་བ་ནི་དད་ལྡན་མི་མང་ལ་དགེ་བའི་ཞབས་ཕྱི་སྒྲུབ་སྟངས་ཤིག་ཀྱང་ཡིན།
འདི་ནི་གྲོང་ཆོག་ངོ་མ་ཞིག་གི་ངོ་བོ་དང་རིག་གནས་ཚད་ལྡན་ཞིག་གི་ལྗིད་ཚད་ཡིན།
འདི་ནི་ཆོས་པ་རྣམ་དག་ཤིག་གིས་སྒྲུབ་ཆོག་ཆོག་གི་བློ་སྦྱོང་དང་ཉམས་ལེན་ཡིན།
ཡིན་ནའང་གྲོང་ཆོག་ནི་ཆོ་ག་ཞིག་རེད། རིག་གནས་ཤིག་རེད།
དེ་འདྲ་ཡིན་པ་སོང་ཙང་ཁོ་རང་ཡང་འགྱུར་བ་མེད་པ་དང་དར་བ་དང་རྒུད་པ་མེད་པ་ཞིག་ག་ལ་ཡིན།
རིག་གནས་གང་ཞིག་མིའི་རིགས་ཀྱི་ལོ་རྒྱུས་ས་མཚམས་དང་དུས་རབས་ཀྱི་དཀྱོགས་མཚམས་རེ་རེར་བརྒྱུད་དུས་ངོ་བོ་དང་རྣམ་པ་སོགས་འགྱུར་དང་འགྱུར་འགྲོ་བ་ནི་མི་བོ་སུས་ཀྱང་ཁས་མི་ལེན་ཐབས་མེད་ཀྱི་དངོས་པོའི་གནས་ལུགས་སུ་ཆགས་འདུག་ན་ང་ཚོའི་གྲོང་ཆོག་ཆོ་གའི་རིག་གནས་ཀྱི་འགྱུར་བའང་མཐོང་ཐུབ་དགོས་པར་མ་ཟད་སྔོན་སོང་གི་ལོ་རྒྱུས་ལ་གཞི་བཅོལ་ཏེ་མ་འོངས་བོད་ཀྱི་གནས་སྟངས་དང་དམ་པའི་ལྷ་ཆོས་འདིར་བདག་པོ་རྒྱག་དགོས། དེང་གི་དུས་འདིར་མ་དག་པ་དག་པར་སྦྱང་བ་དང་གང་སྣང་ཐམས་ཅད་དག་པར་སྒོམ་པ་ནི་ཤིན་ཏུ་དཀོན་ཤིང་རང་ལ་གང་སྣང་ཐམས་ཅད་ཚད་མར་བཟུང་མཁན་ཤིན་ཏུ་མང་པར་འཆོས་ན་ང་ཚོས་རང་ཉིད་ཤཱཀྱའི་རྗེས་འཇུག་པ་ཞིག་གི་ངོ་བོ་གནད་མ་ཞིག་བཟུང་ནས་གང་ཐུབ་ཐུབ་ཀྱིས་རང་ཉིད་ཀྱིས་གང་བྱས་ལག་ལེན་ཐམས་ཅད་ལ་བདག་པོ་རྒྱག་རྒྱུ་ནི་གལ་ཆེན་དུ་འོས་སོ།།
གོང་དུ་བརྗོད་ཟིན་པ་ལྟར་གྲོང་ཆོག་གི་ཆོ་གའི་རིག་གནས་འདི་ནི་སྐྱ་སེར་གཉིས་ཀྱི་འབྲེལ་ལམ་བཟང་ཤོས་དང་སྲ་བརྟན་ཡོང་བ་ལ་མེད་ཐབས་མེད་པ་ཞིག་ཏུ་འདུག་ནའང་ཆོ་ག་འདིའི་ནང་ཆོས་བཏོན་པའི་ཉིན་གྲངས་ལྟར་ཆོས་བར་སྒོར་མོ་རེ་འབུལ་སྲོལ་ཡོད། དངུལ་ཡོན་འབུལ་སྲོལ་འདི་མི་སྒེར་བ་ཞིག་དང་སྡེ་ཁག་ཆུང་ཆུང་ཞིག་གི་ངོས་ནས་བསམ་བློ་བཏང་ན་དེ་སྒྲུབ་ཆོག་ཆོག་གི་ལས་བྱར་རུང་ནའང་དེའི་སྐྱེ་འཕེལ་གྱི་ངོ་བོ་དེ་འདྲའི་ཚབས་ཆུང་ཆུང་ཞིག་ག་ལ་ཡིན། ཁྱིམ་ཚང་དང་ཁྱིམ་ཚང་། སྡེ་བ་དང་སྡེ་བ། ས་གནས་དང་ས་གནས་བཅས་ཀྱི་དངུལ་ཡོན་འབུལ་སྲོལ་འདི་གཅིག་གྱུར་གྱི་ཐག་གཅོད་མེད་པར་རང་ལ་གང་འཛོམས་དང་རང་གིས་གང་ནུས་ལྟར་འབུལ་སྲོལ་འདུག་པས་གྲྭ་བ་གཙོ་ཆེར་བ་ནི་རྒྱུ་གང་བཟང་དང་འབྱོར་བ་གང་ལྡན་ལྟར་གྲོང་ཆོག་ཏུ་བུད་འགྲོ། དེ་ལྟར་བུད་འགྲོ་བའང་ཁག་མི་འདུག་སྟེ་གྲྭ་བ་མང་ཆེ་ཤོས་ནི་སོ་སོའི་སྐྱེ་བོ་འདོད་ཆུང་ཆོག་ཤེས་སྤོང་རྒྱུ་དཀའ་བ་དང་རང་ལ་གང་སྣང་གི་དགའ་བདེ་ལ་རོལ་རྒྱུར་དགའ་ངེས་སུ་གཏོགས་ཀྱིན་ཡོད། དེ་ལྟར་ཁྱད་བག་དེས་འབྱོར་མེད་ཁྱིམ་ཚང་ལ་གྲྭ་བ་དཀོན་པའི་སྡུག་བསྔལ་གྱིས་རེ་ཐག་ཆད་པ། རྒྱུ་འབྱོར་ཕྱུག་བདག་དག་གིས་གྲྭ་བ་ཚོས་ཁ་དགེ་སྦྱོར་ཟེར་ཡང་ལག་སྒོར་མོར་སྙམ་པའི་སྣང་དོགས་ཀྱིས་དད་པ་ཉམས་པ་སོགས་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་རྟགས་དང་རྒྱུ་མཚན་གྱིས་གཏན་ལ་འབབ་ཐུབ་པ་ཞིག་རེད། དེ་ལྟར་དུས་ཡུན་གང་མཚམས་ཤིག་ཕྱིན་པའི་དེ་རིང་གི་དུས་འདིར་གྲོང་ཆོག་གི་འགྱུར་བ་དེ་ག་འདྲ་ཞིག་ལ་ཕྱིན་འདུག སྐྱ་སེར་བར་ཀྱི་ཚོང་ལམ་ལྟ་བུ་ཞིག་དང་ཡང་ན་ཞོར་ལས་ཀྱི་ལས་ཀར་ཞུགས་པ་ལྟ་བུ་ཞིག་མ་རེད།
ང་ཚོས་ད་དུང་གྲོང་ཆོག་ལ་སོང་ནས་ཤ་རྒྱགས་པ་རེ་དང་སྒོར་ལྡོག་རེ་འགའི་དོན་དུ་ཤི་ཐུམ་རོ་ཐུམ་བྱེད་དགོས་སམ།
སྔོན་གྱི་ཚེ་རྒྱ་གར་ལུང་བའི་ནང་དུའང་ནང་བསྟན་དར་རྒྱས་ཆེན་པོ་བྱུང་བར་མ་ཟད་སྙན་གྲགས་ཀྱི་རྒྱན་དྲུག་མཆོག་གཉིས་གཙོར་བྱས་རླབས་ཆེན་གྱི་བསྟན་འཛིན་སྐྱེས་བུ་མང་པོ་ཞིག་ཕྲེང་ལྟར་སླེབས་མྱོང་ནའང་དུས་རབས་དང་དུས་རབས་བརྒལ་མཚམས་སུ་མིའི་ནང་སེམས་ཀྱི་དད་འདུན་ལ་འགྱུར་བ་ཕྱིན་པ་ཡིན་ཙང་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་འབྱུང་རྩ་དང་ཤར་ཕྱོགས་ཤེས་རིག་ཉིང་བཅུད་དངོས་མ་དེ་གཞི་ནས་ཉམས་པ་ནས་རྒུད་པར་ཆགས་པ་ཡིན།
འོ་ན་ཉམས་ཆགས་སུ་ཟིན་པའི་གནའ་བོའི་རྒྱ་གར་བའི་ནང་བསྟན་དེ་རྒྱུ་མེད་རྐྱེན་མེད་དུ་རྒུད་པར་གནས་པ་ཞིག་མ་ཡིན་ཏེ།
བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་ནོར་ཞེས་བའི་དེབ་ནང་རྒྱ་གར་བའི་ལོ་རྒྱུས་སྨྲ་བ་མཁས་དབང་འཇོ་ཅི་ཞུ་བ་ཞིག་གིས་འདི་འདྲ་ཞིག་གསུང་སྟེ།
རྒྱ་གར་ལུང་བའི་ནང་ནང་ཆོས་ཉམས་པའི་རྒྱུ་རྐྱེན་ཆེན་པོ་གསུམ་ཡོད་དེ།
གཅིག་ནི་ཕྱི་ཡི་རྐྱེན་ཏེ་དུས་རབས་བཅུ་བ་ནས་བཟུང་དབྱི་སུ་ལེན་ཆོས་པས་རྒྱ་གར་ནང་བཙན་འཛུལ་དང་གཡུལ་འཐབ་དྲག་པོ་བྱུང་སྟེ་རྒྱ་གར་རྒྱལ་ཕྲན་ཐམས་ཅད་ཕམ་ཁ་བྱུང་རྩ་བ་ནས་ཕབ་ཁ་བྱུང་།
གཡུལ་འཁྲུག་འདི་ནི་དབྱི་སི་ལེན་ཆོས་ལུགས་པས་བསླངས་བའི་བཙན་འཛུལ་དམག་འཁྲུག་ཅིག་ཡིན་སྟབས་དད་འདུན་དང་ལྟ་གྲུབ་མི་གཅིག་པ་དང་མི་མཐུན་པའི་ཆོས་ལུགས་གཞན་དག་བཙན་མནན་དང་དམར་གསོད་བཏང་རྐྱེན་རེད།
གཉིས་པ་ནང་གི་རྐྱེན་ནི་ཡུལ་ལ་དབང་སྒྱུར་མཁན་གྱི་རྒྱལ་བོ་དང་རྒྱལ་བློན་རྣམས་ནང་པ་མིན་པའི་ཆོས་ལུགས་གཞན་བར་འབྲེལ་ལམ་ཤུགས་ཆེར་ཆགས་པས་རེད།
རྒྱུ་རྐྱེན་གསུམ་པ་ནི་ནང་བའི་སྦྱིན་བདག་རྣམས་འགྱུར་བ་ཕྱིན་པ་སྟེ།
ནང་བའི་སྦྱིན་བདག་རྣམས་ནང་ཆོས་ལ་དོ་སྣང་ཆུང་དུ་ཕྱིན་པ་དེ་ཡིན། ཞེས་རྐྱེན་ཆེན་པོ་གསུམ་གསུངས་བ་རེད།
རྐྱེན་གསུམ་པ་དེ་ལྟར་ཡོང་རྐྱེན་ནི་ནང་བའི་དགོན་པའི་ནང་གི་དགེ་འདུན་རྣམས་ཀྱིས་རྒྱུ་ལ་དང་དོད་བྱེད་པ་དང་།
ཆོས་ནས་གསུངས་པ་ལྟར་གྱི་ཉམས་ལེན་རྣམ་པར་དག་པ་མ་བྱས་པར་བརྟེན་མང་ཚོགས་ཀྱིས་དགེ་འདུན་ལ་བརྩི་མཐོང་དང་གུས་བཀུར་བྱེད་པ་རིམ་བཞིན་བརླགས་པ་རེད།
ཞེས་གོང་དུ་དྲངས་བའི་དཔེ་དེབ་དེའི་ནང་གསལ།
ཡང་རྒྱུ་རྐྱེན་གཅིག་གསུངས་བ་ནི་དཔེ་དེབ་འདིའི་ནང་འདི་ལྟར་གསུངས་འདུག་སྟེ།
གསང་སྔགས་ཀྱི་ཆོས་སྦྱོར་སྒྲོལ་ཏེ། བུད་མེད་ལ་འཁྲིག་པ་སྤྱོད་པ་ལ་སྦྱོར་དང་།
དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་ཅིག་སྟེ།
བུད་མེད་དང་ཤ་ཆང་བསྟེན་པ་དང་།
མངོན་སྤྱོད་བྱེད་པ་དེ་དག་གིས་རྐྱེན་པས་གསང་སྔགས་ཆགས་སྡང་འཕེལ་བའི་རྒྱུ་ལྟ་བུ་དང་སྤྱོད་པ་འཆལ་བར་འགྲོ་བ་མཐོང་བས་རྐྱེན་བྱས་ཏེ་བསྟན་པ་ཉམས་པ་རེད་ཅེས་བྲིས་འདུག
ཅེས་གསལ་བོར་གསུངས་ཡོད།
ལོ་རྒྱུས་ནི་ཡབ་མེས་གོང་མ་དག་གིས་གང་ལས་གང་བྱས་ལ་ལེགས་ཉེས་ཅི་ཡོད་ལྟ་བའི་མིག་ཙམ་མ་ཡིན་པར་མ་འོངས་འབྱུང་འགྱུར་སྟོན་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་ན་གནའ་བོའི་རྒྱ་གར་ནང་བསྟན་པ་ཉམས་པའི་ལོ་རྒྱུས་ཀྱི་ར་སྤྲོད་འདིས་ང་ཚོ་ལ་འབྱུང་འགྱུར་གྱི་ལམ་སྣེ་ཤིག་སྟོན་བཞིན་པ་མ་ཡིན་ནམ།
རེད་ཡ་རྒྱུ་རྐྱེན་དེ་དག་ལས་སྔ་མ་གཉིས་ནི་དེ་རིང་གི་དུས་ཚོད་འདིའི་ནང་འབྱུང་སྲིད་པ་ཞིག་མ་ཡིན་མོད།
རྒྱུ་རྐྱེན་ཕྱི་མ་གཉིས་ནི་དེ་རིང་གི་ང་ཚོ་སྟེ་བོད་ཀྱི་སྤྱི་ཚོགས་འདིའི་ནང་གསལ་ལེར་མངོན་བསྡད་པ་ཞིག་མ་ཡིན་ནམ།
གྲྭ་བ་ཚོས་དངུལ་སྒོར་འཚོལ་ན་ལམ་སྣ་གཅིག་ཡོད་པ་ནི་གྲོང་ཆོག་རེད།
འོ་ན་གྲོང་ཆོག་ནི་རང་ཉིད་རྒྱུ་འབྱོར་སྟོབས་ལྡན་དུ་གཏོང་བྱེད་ཅིག་རེད་དམ་ཞེ་ན་རྩ་བ་ནས་མ་ཡིན་མོད།
རང་ཉིད་རྒྱུ་འབྱོར་སྟོབས་ཆེན་ཞིག་འོང་བར་གྲོང་ཆོག་འཚོལ་དགོས་པས་ང་ཚོས་གྲོང་ཆོག་མི་ངོ་བོའི་གནས་སྟངས་ལ་བསམ་བློ་མི་གཏོང་ཀ་མེད་དུ་ཆགས་ཡོད།
མ་ཟད་བོད་བརྒྱུད་ནང་བསྟན་འདི་རྒྱ་མི་དང་མི་རིགས་གཞན་དག་ལ་ངོ་སྤྲོད་དང་འབྲེལ་ལམ་འཇོག་བཞིན་པའི་སྒང་འདིར་གྲོང་ཆོག་རེར་སོང་ནས་གནས་སྐབས་ཀྱི་སེམས་གསོ་དང་སྒོར་ལྡོག་འགའི་དོན་དུ་འགྲོ་བ་ལས་སངས་རྒྱས་ཀྱི་ཤེས་རབ་ལས་བྱུང་བའི་བཀའ་བསྟན་བཅོས་དག་འཆད་དེ་དད་སེམས་འདུད་པ་སྲ་ཇེ་བརྟན་དུ་བཟོས་ན་མི་ཆོག་གམ།
སྐྱ་བོ་ཚོས་ཡང་ཚེ་འདི་ཙམ་གྱི་དོན་དུ་ནོར་སྦྱིན་མ་སོགས་པ་འདོན་དུ་གྲྭ་བ་རེ་ཞུ་ཡི་འདུག་དགོས་པ་ཅུང་ཟད་རེ་ཡོད་སྲིད་མོད་སྤྱིར་ན་རྒྱུ་འབྱོར་འཚོལ་བའི་ཐབས་ལམ་བཟང་བོ་ཞིག་མ་རྙེད་ན་དེ་ཙམ་གྱིས་ཕན་ཆེན་པོ་ཞིག་ཨེ་ཐོགས་སམ། ཉེ་འབྲེལ་མི་རིགས་རྒྱ་མིས་ལོ་སྟོང་ཕྲག་ཡར་སྔོན་ནས་求富求财佛菩萨ཞེས་ད་བར་དུ་ཡོང་ནའང་求富求财佛菩萨མི་ཟེར་མཁན་གྱི་ཨ་རི་བའི་འབྱོར་ལྡན་དག་གི་རྗེས་ཆོད་མེད། འདི་ད་གནས་ལུགས་རེད། གང་ལྟར་རུང་སྐྱ་སེར་གཉིས་ཀ་ནས་གྲོང་ཆོག་གི་ངོ་བོ་ལ་ལྟ་སྟངས་དང་འགྱུར་བ་ཅུང་ཟད་རེ་ཕྱིན་ཨེ་ཐུབ་སྙམ་པའི་སྨོན་ལམ་དང་བཅས་ཏེ་ཐམས་ཅད་ལ་དགོངས་པ་དྭངས་བར་ཞུ་ཞུ།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།