གསེར་ཞལ་འཛུམ་མདངས་ཀྱིས་ཁེངས་པའི།།
ཐུགས་སྟོབས་རི་རབ་ལས་ཆེ་བ།།
གཞན་ཕན་སྙིང་རྗེ་དེ་ཟབ་པ།།
མ་ཕམ་གཡུ་མཚོ་ལས་ཟབ་སོང་།།
མུན་ནག་འཁོར་བ་ཡི་ཀློང་ནས།།
རྨོངས་འཐོམས་འགྲོ་བ་དག་འདྲེན་པོ།།
ཐུབ་པའི་བསྟན་པ་ཡི་རྒྱན་མཆོག།
སངས་རྒྱས་མི་ཡུལ་དུ་བྱོན་ཡོད།།
ཉི་འོད་གངས་ཅན་དུ་འཕྲོས་ཤིང་།།
བཅོ་ལྔའི་གདུང་ཟླ་དེ་ཤར་བྱུང་།།
སྐར་མ་པ་སངས་དེ་བཞད་པས།།
ཉི་ཟླ་སྐར་གསུམ་དེ་འཛོམས་སོང་།།
ཐུགས་རྒྱུད་བྱམས་རྩེ་དེ་བརྗོད་ན།།
ཡར་རླུང་གཙང་རྒྱུན་ལས་རིང་བ།།
རང་བཞིན་ལྷག་བསམ་དེ་བརྗོད་ན།།
ནམ་མཁའི་ཕ་མཐའ་ལས་བརྒལ་སོང་།།
འཛམ་གླིང་ཞི་བདེ་ཡི་དེད་དཔོན།།
ཐབས་ཤེས་ལམ་བུ་ལ་བརྟེན་ནས།།
སྟོང་ཉིད་ལྟ་བ་དེ་རྟོགས་ནས།།
སྤྱོད་པ་འཚེ་མེད་དེ་སྤྱད་སོང་།།
བྱམས་དང་སྙིང་རྗེ་ཡི་བདག་པོས།།
འཛམ་གླིང་ཞི་བདེ་ལ་བསྐྲུན་སོང་།།
གངས་ཅན་བོད་མི་ཡི་སྙིང་ནོར།།
བོད་མིའི་རང་རྐང་དེ་བཙུགས་སོང་།།
སངས་རྒྱས་བསྟན་པ་དེ་སྤེལ་ལ།།
ཆོས་ལུགས་མཐུན་འབྲེལ་དེ་མཛད་སོང་།།
སྟོན་པའི་བསྟན་པ་ལ་ཕན་པའི།།
བྱ་བ་རླབས་པོ་ཆེ་མཛད་སོང་།།
དེ་རིང་གང་ཉིད་ཀྱི་འཁྲུངས་སྐར།།
འཛམ་གླིང་གྲུ་བཞི་ལ་བསུ་བཞིན།།
གུས་པས་ཚེས་བཟང་དང་བསྟུན་ནས།།
སྙན་ཚིག་མེ་ཏོག་འདི་གཏོར་རོ།།
༧རྒྱལ་བ་བསྟན་འཛིན་གྱི་རྒྱ་མཚོ།།
སྐུ་ཚེ་ཀ་བ་ལྟར་བརྟན་ཅིང་།།
བཞེད་དགོངས་མདའ་མོ་ལས་མྱུར་བ།།
སྨོན་ལམ་ཚིག་གསུམ་འདི་འགྲུབ་རོགས།།
༠༦།༠༧།༢༠༢༠།
ཡོང་ཁུངས། རྩོམ་པ་པོ་ཉིད་ཀྱི་འཕྲིན་ཕྲན་མདུན་ངོས་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།