རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 26 July 2020

༄༅། །འགྲོ་དོན་ཕྲིན་ལས་ཀྱིས་ཆེ་བའི་དཔལ་འབྲི་གུང་༧སྐྱབས་མགོན་སུམ་ཅུ་སོ་བདུན་པ་མཆོག་ལ་བསྟོད་པ་འབའ་ཐང་པི་ཝང་དཀྲོལ་བའི་འགྱུར་ཁུགས།

རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།

སྟོང་ཆེན་མཁའ་ལ་འཕགས་པའི་ནམ་མཁའ་ནས།།

འོད་ཟེར་སྒོ་བརྒྱ་འབྱེད་བའི་ཀླུ་སྒྲུབ་པ།།

ཁ་བ་ཅན་ནས་འཇིག་རྟེན་གསུམ་མགོན་ཞེས།།

སྒྲུབ་བརྒྱུད་བསྟན་པའི་ཉི་མ་གང་དེར་འདུད།།


དམ་ཆོས་ས་གཞིའི་སྙིང་པོ་རིན་ཆེན་གཏེར།།

ཉམས་ལེན་སྒྲུབ་པའི་རྒྱལ་མཚན་འཛུགས་པ་ལ།།

རྡོ་རྗེ་འཆང་ཆེན་བཀའ་ཡི་བརྒྱུད་པ་ཅན།།

བསྟན་པའི་མཛོད་འཛིན་འབྲི་གུང་པ་ལ་བསྟོད།།


བདུད་ཀྱི་ཁ་དར་ཤར་གྱི་རླུང་འཚུབ་ནས།།

རྒྱལ་བསྟན་པདྨོའི་མེ་ཏོག་ཟུམ་པའི་དུས།།

གདན་རབས་གསེར་གྱི་ཉི་མ་སོ་བདུན་པ།།

མེ་ཁྱི་ལོ་ལ་ཚ་རོང་ཚང་ནས་འཁྲུངས།།


ལྷ་མོའི་བླ་མཚོས་ཤར་གྱི་ལམ་སྣེ་བསྟན།།

ཆོས་ཀྱི་སྒྲོལ་མས་ངེས་ཤེས་བསྐྱེད་པར་བྱས།།

ལྷ་སའི་ཕྱོགས་ནས་གསེར་འོད་ནམ་མཁར་འཕྲོས།།

ཆེ་ཚང་དཀོན་མཆོག་བསྟན་འཛིན་ལྷ་མིས་བསྟོད།།


བསྟན་པ་རྨང་ནས་བཤིག་པའི་དགྲ་བོ་ནི།།

སྤྲིན་ནག་སྟུག་པོ་བཞིན་དུ་དབུས་ལ་འཁྲིག།།

འབྲི་གུང་མཐིལ་ནས་ཟླ་བ་གཞོན་ནུ་ཞིག།།

གསེར་གྱི་ཁྲི་ལ་བཞག་ནས་གསོལ་འདེབས་ཞུས།།


གདུག་རྩུབ་སྦར་མོ་བགྲད་པའི་རྒྱ་དམར་གྱིས།།

ཆོས་དུང་གཡས་སུ་འཁྱིལ་བ་བཙན་གྱིས་བཟུང་།།

རིག་གནས་གསར་བརྗེའི་མེ་དཔུང་སྦར་བའི་ནང༌།།

གདུང་བའི་མནར་གཅོད་རྣམས་ནི་གྲོགས་སུ་བསྒྱུར།།


ཕུགས་ཀྱི་འདུན་མ་ཐག་རིང་རྒྱང་ལ་གཟིགས།།

གངས་སེང་དཀར་མོའི་ཞབས་རྗེས་ཁེར་འདེད་བྱས།།

ཉི་མ་སྤྲིན་པའི་གསེང་ནས་ཐོན་པ་ལྟར།།

ས་མཐའི་ཡུལ་ནས་འོད་ཟེར་སྟོང་ལྡན་ངོམ།།


ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ནི།།

དགེ་ལེགས་ཀུན་གྱི་འབྱུང་གནས་གཟིགས་པ་དང་།།

རབ་ཏུ་བྱུང་བའི་པདྨ་དཀར་པོའི་སྟེང་།།

བསྙེན་པར་རྫོགས་པའི་གེ་སར་མཛེས་པར་བྱས།།


གནམ་སའི་བར་གྱི་འོད་ཟེར་དཀར་པོ་ཅན།།

བསྟན་འཛིན་རྒྱ་མཚོའི་ཉི་མ་སྙིང་ལ་འཆར།།

མུན་པའི་གསེབ་ནས་ལྷག་པར་གསལ་བ་ཡི།།

ཟླ་བ་དཀར་པོ་རིག་པའི་རྡོ་རྗེར་བསྟེན།།


ལྟ་བ་ནམ་མཁའ་སྔོན་མོའི་ཀློང་ཡངས་ན།།

ཕྱག་རྫོགས་རྟོགས་པའི་རྩལ་གྱིས་འཁྱུག་པ་ཡི།།

དིལ་མགོ་མཁྱེན་བརྩེ་འབྲུག་པ་ཐུགས་སྲས་དང་།།

གྲུབ་དབང་ཁྱུང་དགའ་སྟག་ལུང་ཞབས་དྲུང་བསྟེན།།


ཐོས་པ་འོ་མའི་རྒྱ་མཚོ་འཕྱུར་བའི་དུས།།

རས་ཆེན་ཕུག་སོགས་དབེན་པའི་རི་ཁྲོད་ནས།།

དོན་བརྒྱུད་བསྟན་པ་ཟིན་པའི་ཉམས་བཞེས་མཛད།།

ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཕྱོགས་ཀུན་འགྱེད།།


བསྟན་པའི་གཞི་མ་འཛིན་པའི་དགེ་འདུན་སྡེ།།

བསླབ་གསུམ་མེ་ཏོག་རྒྱས་སའི་ཞི་བའི་གྲོང་།།

བྱེས་ཀྱི་གདན་ས་བྱང་ཆུབ་གླིང་མཆོག་བཏབ།།

སྤྲེལ་ལོའི་ཆོས་ཀྱི་སྦྲང་ཆར་བསྐྱར་དུ་ཕབ།།


ལུགས་གཉིས་གླེཊ་བམ་བརྩེགས་པའི་དཀོར་མཛོད་ནི།།

འཇིག་རྟེན་གསལ་བར་བྱེད་པའི་སྒྲོན་མེར་གཟིགས།།

ལྷ་ཡི་ཚངས་པ་མི་ཡི་བཙན་པོ་སྟེ།།

སྲོང་བཙན་དཔེ་མཛོད་གངས་རིའི་རྒྱན་དུ་བཞེངས།།


མཐོན་པོ་བོད་ཀྱི་བྱུང་རབས་གཙང་པོའི་རྒྱུན།།

རི་ལུང་ཐང་གསུམ་བརྒྱུད་ནས་བབས་པའི་རྗེས།།

འདམ་ཆུའི་ཟུར་ནས་བྲག་ཆར་འགྲན་པའི་དུས།།

བཙན་པོའི་རྒྱལ་རབས་ཆུ་བོ་ཆེན་པོ་དྲངས།།


སྙིང་རྗེའི་འོད་ཟེར་དཀར་པོ་ཕྱོགས་ཀུན་བཀྱེས།།

ཀུན་ཏུ་དགེ་བའི་ཁོར་ཡུག་གཅེས་སྐྱོང་མཛད།།

འཚོ་བ་སྡུག་གི་ཁུར་པོས་མནན་པ་རྣམས།།

འཕྲལ་དང་ཕུགས་སུ་བདེ་བའི་དངོས་གྲུབ་བྱིན།།


སྟོན་པ་གསེར་མདོག་ཅན་གྱི་གདན་ས་རྣམས།།

གྱང་དང་རྡོ་རལ་ཙམ་དུ་གྱུར་པའི་དུས།།

རང་གི་ཇ་ཕོར་ཟུར་ལ་བཞག་པའི་རྗེས།།

མཉན་ཡོད་གནས་སུ་བསྟན་པའི་གཞི་རྩ་བཙུགས།།


ཤར་ནུབ་ཆེ་དགུའི་མིག་གི་ལྟད་མོ་དང་།།

མཛད་པ་སྙིང་ལ་སིམ་པའི་རྫུ་འཕྲུལ་གྱིས།།

ཡི་རང་ཤིས་པའི་གཟེངས་རྟགས་མེ་ཏོག་འཐོར།།

ཆེན་པོ་བོད་ཀྱི་གཟི་མདངས་མངོན་པར་བྱས།།


མདོར་ན་རྒྱལ་བསྟན་སྤྱི་དང་ཁ་བ་ཅན།།

ཐུགས་ལ་ཡི་དམ་བཞིན་དུ་འཆང་པ་དེས།།

རྒྱ་ཆེན་རྒྱ་མཚོའི་མཐའ་ཀུན་ཁྱབ་པ་ཡི།།

ཕྲིན་ལས་སྙན་པའི་རོལ་མོ་ཡང་ཡང་འཁྲོལ།།


དེ་བར་བཅར་ནས་མཐོ་འཇལ་མ་ཐུབ་ཀྱང་།།

རིང་བའི་ས་ནས་ཡུན་རིང་མཇལ་བ་ཡི།།

མཛད་པར་ཡི་རང་ཤོར་སའི་སྐྱེས་མཆོག་འདིར།།

དེ་རིང་རང་སེམས་ཚིམ་པའི་མེ་ཏོག་མཆོད།།


ད་སང་ཆོས་གོས་གོན་ནས་ཆོས་བརྒྱུད་རྩོད།།

ནང་ཁུལ་འཆམ་མཐུན་བཤད་དེ་ཆོལ་ཁ་སྙོག །

ཁྱེད་ཀྱིས་ཡངས་པའི་ས་ཆེན་མཐའ་གཟིགས་ཏེ།།

ལུགས་གཉིས་ཉི་ཟླའི་འོད་ཀྱིས་འགྲོ་དོན་མཛད།།

 

མཚོ་སྐྱེས་རྡོ་རྗེ་འཛིན་པའི་བྱིན་རླབས་དང་།།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ནུས་མཐུ་ཡིས།།

སྐུ་ཚེ་མི་ཤིག་སྲིད་པའི་མཐར་བརྟན་ནས།།

འགྲོ་དོན་ཉི་ཟླའི་འོད་སྣང་རྒྱས་པར་ཤོག།


ཅེས་པ་འདིའང་དཔལ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་རྨད་བྱུང་གི་མཛད་པ་ཁག་ཅིག་གིས་སྔོན་ནས་ཡིད་དབང་འཕྲོག་ཅིང་། ཉེ་ཆར་«གོ་ལའི་གཟི་འོད་»ཅེས་པའི་འཁྲུངས་སྐར་རྩོམ་སྒྲིག་ཚོགས་ཆུང་ནས་སྐུལ་མ་བྱུང་བ་འཕྲལ་རྐྱེན་དུ་གྱུར་ཏེ། དགའ་བ་དང་གུས་པ་ཆེན་པོས་སྒྲོལ་མ་ཉེར་གཅིག་གི་གྲངས་དང་ལྡན་པ་འདི་ཉིད་ནུབ་ཕྱོགས་ཨ་རིའི་ཡུལ་ནས་སློབ་དཔོན་འཆམ་ར་དྲི་མེད་རྒྱལ་མཚན་(ས་མཐའི་གཡུ་རལ་)གྱིས་ ༢༠༢༠་༦་༡༥ ཉིན་གྲུབ་པར་བྱས་སོ།།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།