རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 23 October 2020

ཕྱི་ནང་གསང་གསུམ་གྱི་ཐེག་པ་རིམ་དགུ།

རྩོམ་པ་པོ། དྲང་ཐིག (བོད་ནང་།)

༡ ཉན་ཐོས།
སྐྱོ་ཤས་ངེས་འབྱུང་མགྲིན་གླུ་རང་དོན་དུ་འགུག་བཞིན།།
བདེན་བཞི་མེ་ཏོག་བཀྲ་བའི་དགའ་ཚལ་དུ་རྩེན་པའི།།
ཚུལ་གནས་ཐོས་པའི་གཤོག་ཟུང་ལྷབ་ལྷུབ་ཏུ་རྐྱོང་མཁན།།
ཉན་ཐོས་བུང་བའི་ཚོགས་ཀྱིས་སྒོམ་པ་ལའང་འབད་དོ།།

༢ རང་རྒྱལ། 
རྟེན་འབྲེལ་ཡན་ལག་བཅུ་གཉིས་དམིགས་བསལ་དུ་བསྒོམས་ཤིང་།།
བདག་མེད་ཕྱེད་གཉིས་ལྟ་བ་རྒྱལ་སྲས་བཞིན་འཁྲུངས་པའི།།
རྣམ་འགྱུར་བརྡ་ལ་མཁས་པའི་རྫུ་འཕྲུལ་གྱི་བྱེད་པོ།།
བསེ་རུ་རྒྱལ་བ་མ་གཏོགས་གཞན་པ་ཞིག་མི་སྲིད།།

༣ བྱང་སེམས།
བྱང་སེམས་ཐབས་ཀྱི་ཞགས་པས་འགྲོ་དྲུག་གི་མ་རྒན།།
ནམ་ཡང་དམ་པོར་བཟུང་བའི་རླབས་ཆེན་གྱི་གཞན་དོན།།
ཆེན་པོ་བདུན་དང་ལྡན་པའི་ཡོངས་བསྔོ་ཡི་སེམས་བསྐྱེད།།
ཉན་རང་དག་ལས་འཕགས་པའི་འཕགས་ཆོས་ཤིག་མིན་ནམ།།

༤ ཀྲཱི་ཡ།
ཀུན་རྫོབ་འཁྲུལ་བའི་རྟོག་ཚོགས་དྲི་མ་རུ་གཟིགས་ཤིང་།།
དོན་དམ་དབྱིངས་ཀྱི་ཁྲུས་ལ་ཆེད་གཏད་ཀྱིས་ཞུགས་ནས།།
བསྒྲུབ་བྱ་སྒྲུབ་བྱེད་རྗེ་ཁོལ་དཔོན་གཡོག་གི་ཚུལ་དུ།།  
དམིགས་པས་སྟོང་ཉིད་ལྟ་བའི་དངོས་གྲུབ་ཅིག་ཐོབ་ཤོག།

༥ ཨུ་པ།
མངོན་བྱང་ལྔ་ཡི་ཏིང་འཛིན་ངེས་བཟུང་གི་གོམས་པས།།
སྤུན་གྲོགས་ནང་མའི་ཚུལ་དུ་ལྷ་ཚོགས་ཀྱི་ཆོས་ཉིད།།
ལྟ་སྤྱོད་ཟུང་དུ་འཇུག་པའི་དགོངས་ཀློང་དུ་དམིགས་པར།།
གཉིས་ཀའི་རྒྱུད་ཅེས་བཏགས་རུང་རུང་བ་ཞིག་ཡིན་འདུག།

༦ ཡོ་ག
འཇུག་པའི་སྒོ་མོ་མངོན་བྱང་བྱང་ཆུབ་ནི་ཡངས་ཤིང་།།
བསྒོམ་བྱ་སྒོམ་བྱེད་ཡིད་མཐུན་མཐུན་གྲོགས་སུ་ལྟ་བའི།།
རྣམ་གསུམ་རྡོ་དྲིལ་ཕྱག་རྒྱ་རྒྱ་ཆེན་གྱི་དམ་ཚིག།
སྤྱོད་པ་དགག་སྒྲུབ་ཀུན་བྲལ་བྲལ་འབྲས་ཀྱི་རྒྱུ་ཡིན།།

༧ མ་ཧཱ་ཡོ་ག
འཁོར་འདས་གདོད་མའི་ཡོང་ཡེ་ཡེ་བབ་ཀྱི་སངས་རྒྱས།།
བསྐྱེད་རིམ་ཐབས་མཆོག་གནད་རྩ་རྩ་བ་རུ་བཟུང་པའི།།
ཏིང་འཛིན་རྣམ་གསུམ་ལམ་ལས་ལས་ཅན་གྱི་སྐྱེས་བུའི།།
ཆོས་ཀུན་གཞི་ནས་ཡང་དག་དག་པ་ཡི་ལྷ་འོ།།

༨ ཨ་ནུ་ཡོ་ག
དབྱིངས་རིགས་འདུ་འབྲལ་མེད་པའི་ལྷ་སྔགས་ཀྱི་དཀྱིལ་འཁོར།།
གདོད་ནས་རྣམ་དག་དགོངས་པའི་གཉུག་གཤིས་སུ་འབྱམས་པ།།
ཐམས་ཅད་སྨྲ་བསམ་ལས་འདས་བརྗོད་བྲལ་གྱི་ངང་ནས།།
བདེ་སྟོང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅིག་ཐོབ་ཤོག།  

༩ ཨ་ཏི་ཡོ་ག
སྤང་བླང་བྱ་རྩོལ་ཡོངས་བྲལ་ཡེ་གྲོལ་གྱི་མངོན་རྟོགས།།
ངོ་བོ་ཀ་ནས་དག་ཅིང་རང་བཞིན་གྱིས་གྲུབ་པའི།།
སེམས་ཀློང་མན་ངག་དང་བཅས་གཉིས་མེད་ཀྱི་རྒྱུད་ལ།།
ཐེག་པ་རིམ་དགུའི་རྩེར་རྫོགས་རྫོགས་ཆེན་ཞེས་འབོད་ཆོག།

༢༡–༡༠–༢༠༢༠


རྩོམ་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།