རྩོམ་པ་པོ། སློབ་དཔོན་འཆི་མེད་ནོར་བུ་དོལ་པོ།
གླིང་བཞིའི་ཕུན་ཚོགས་མ་ལུས་བཟླུམས་པའི་དཔྱིད།།
བརྒྱུད་གསུམ་རིག་འཛིན་བླ་མས་བསྔགས་པའི་ཡུལ།།
དམར་སེར་ངུར་སྨྲིག་ཅན་རྣམས་དགའ་བའི་གྲོང་།།
རིགས་བདག་བླ་མ་དགྱེས་པའི་ཆོས་རའི་ནང་།།
མདོ་སྔགས་ཆོས་ཚུལ་ཟབ་མོའི་ཆ་ཤས་ཀུན།།
ཚུལ་གཉིས་རིག་སྨྲའི་གེ་སར་བཞད་པའི་དབུས།།
གསེར་སྦྲང་ཁྱེད་ལ་འཛུམ་གྱི་བསུས་མ་ཡོད།།
ཐེག་དགུའི་ལྟ་སྤྱོད་ཟབ་མོའི་བང་མཛོད་ནང་།།
སྔ་འགྱུར་རིག་འཛིན་གོང་མའི་གསང་གསུམ་བཅུད།།
བསླབ་གསུམ་ནོར་བུའི་དབྱིག་ཀུན་ལྷན་གཅིག་ཏུ།།
ཁྱེད་ལ་འདི་ནས་རྟག་ཏུ་འཛུམ་བཞིན་ཡོད།།
ལས་དབང་གསེར་གྱི་གཉའ་ཤིང་བཙན་པོའི་འོག།
ལྔ་བདོའི་སྐྱེ་བོའི་སྙིང་ཁམས་བཙས་ན་ཡང་།།
ཕ་གཅིག་བླ་མ་མཆོག་གི་ཕྲིན་ལས་ཀུན།།
འདི་ནས་ཁྱེད་ལ་དགྱེས་པའི་གསེར་ཞལ་ངོམ།།
རྣལ་འབྱོར་ལས་ལ་རིངས་པའི་མཆེད་ལྕམ་ཚོགས།
སྙན་བརྒྱུད་མན་ངག་ཟབ་མོ་བདུད་རྩིའི་རྒྱུན།།
མྱངས་ནས་དབེན་གནས་འདོད་པའི་དྲང་སྲོང་དག།
འདི་ནས་ཁྱེད་ལ་དད་པའི་ཕྱག་ཟུང་གཡོ།།
བཤད་སྒྲུབ་ལས་ཀྱི་རྣམ་ཐར་བཟང་པོའི་ཁྲོད།།
ཁྱེད་ཀྱི་མཛད་པའི་ངོ་མཚར་མཐའ་ཡས་ཀུན།།
མཚུངས་མེད་བླ་མ་མཆོག་གི་སྐུ་ལས་ལ།།
འདི་ནས་ཁྱེད་ཀྱིས་ཐུགས་གསོའི་འཚམ་འདྲི་ཞུ།།
གླིང་འདིའི་ལེགས་ཚོགས་བྱེ་བའི་ཆ་ཤས་ན།།
གང་གི་མཛད་པར་དུང་བའི་དངོས་པོ་རྣམས།།
གསང་གསུམ་བླ་མའི་ཐུགས་རྗེའི་སྒྱུ་འཕྲུལ་ཀློང་།།
འདི་ནས་ཁྱེད་ལ་བསྔགས་པའི་མེ་ཏོག་འཐོར།།
སྟོན་པའི་འདས་ལོ་༢༥༦༤ ཟླ་པ་༩ ཚེས་ ༧ རེ་གཟའ་སྤེན་པའི་ཉིན་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་དུ་བྲིས་སོ།།
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།