རྩོམ་པ་པོ། པད་བཀོད་བསྟན་འཛིན་ལེགས་གྲུབ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
ཧ་ཧ་ལྷན་དུ་བགད་པ་མདང་གི་གྲོགས།
།
མི་རྟག་འཆི་བ་བདུད་ཀྱིས་ད་ནང་བཅོམ།
།
ད་ལྟ་མཐོང་དུ་མེད་ཅིང་གཏན་དུ་ཡལ།
།
བཙས་མ་ཐག་པའི་རང་གི་ཤེའུ་ཆུང་ལ།
།
ནུ་མ་སྣུན་ལོང་མེད་པ་ཡུ་མོ་ནི།
།
གཅན་གཟན་སྟག་གི་མཆེ་བ་རྣོན་པོའི་འོག
།
སྡུག་བསྔལ་དྲག་པོས་འཆི་བ་ཤ་རེ་ཚ།
།
མཚན་མོར་མལ་དུ་གཉིད་ལ་ཉལ་བའི་མི།
།
ཞོགས་པ་དབུགས་རྒྱུན་ཆད་དེ་ཤི་བའི་རོ།
།
གཉིད་ཐུན་གཅིག་ལའང་མི་འཆི་ངེས་མེད་པས།
།
བཙན་པོ་མི་རྟག་རྒྱལ་པོ་ཨེ་མ་མཚར།
།
ཆུང་དུས་ཨ་མ་ཟེར་ཞིང་བྲང་ནས་འཐམ།
།
ཆེ་དུས་འདྲེ་མོ་ལབ་ནས་རྡོག་ཐོ་གཞུ།
།
གང་ཞིག་རང་གི་མྱོག་ཀྱང་མི་བརྟན་ན།
།
གཞན་གྱི་ཆོས་ལ་བློ་གཏད་ཅི་ལྟར་བྱ།
།
སྐྱེ་བ་རེ་ལ་འཆི་བའི་སྐབས་རེ་ཡོད།
།
འདུས་པ་རེ་ལ་འབྲལ་བའི་དུས་རེ་ཡོད།
།
བདེ་སྡུག་རེ་རེ་ཀུན་གྱིས་གླེང་རྒྱུར་ཡོད།
།
མི་རྟག་རླུང་གིས་མི་ཁུར་སེམས་ཅན་མེད།
།
བསགས་པའི་ནོར་ལ་ཟད་པའི་དུས་ཤིག་ཡོད།
།
མཐོ་བའི་མཐའ་མར་ལྷུང་བའི་དཔེ་ཞིག་ཡོད།
།
གཤིབ་པའི་གྲོགས་དང་འབྲལ་བའི་ཉིན་ཞིག་ཡོད།
།
ཡོད་ཚད་ཐམས་ཅད་དུས་ཀྱིས་ཁ་ལོ་བསྒྱུར།
།
༢༠།༠༧།༢༠༢༠
རྩོམ་ཁུངས། ངེད་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།