རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 30 December 2020

༸ཆོས་རྗེ་དམ་པ་མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་ ༡༧ འཁོར་བའི་རྗེས་དྲན་སྙན་ངག་གསུམ།

«བསྟན་པ་གསོ་བའི་རུ་དར།»མགྱོགས་བྲིས་མ། 
རྩོམ་པ་པོ། གངས་སེང་དཀར་མོ། (སློབ་དཔོན་ཚུལ་ཁྲིམས་ནོར་བུ།)
དབེན་ས་རི་ལུང་དོག་མོ་ཆོས་ཀྱིས་བཙོ་མཁན།།
གསེར་རིའི་ཕྲེང་བ་འདྲ་ཞིག་གྲལ་དུ་སྒྲིག་མཁན།།
འཁོར་ཚོགས་འདུས་པ་རྒྱ་མཚོས་ལྷ་བཞིན་བཀུར་ས།།
ཁ་སང་མཚན་སྨག་བརྒལ་བའི་འོད་ཟེར་ཅན་ནོ།།
 
ཚེ་འདིར་སྤྲུལ་པ་བཙལ་བའི་ལུང་བསྟན་མེད་མཁན།།
སྐྱེ་བའི་ཕྱི་མཐའ་འཚོལ་བའི་ར་མདའ་མེད་མཁན།།
ལྷ་དང་བླ་མ་མང་པོས་མཆོད་བསྟོད་གནང་ས།།
སྙིང་གཏམ་སྤྲིན་གྱི་རོལ་མོའི་མགྲིན་བཟང་ཅན་ནོ།།
 
མགྲིན་པའི་རྩ་མདུད་གྲོལ་བའི་རྒྱང་གླུ་ལེན་མཁན།།
བྱ་དེ་ཁྲུང་ཁྲུང་དཀར་མོའི་གཞས་ཆུང་བླག་མཁན།།
བླ་མ་གངས་ཅན་མགོན་པོའི་ཕྱག་གིས་སྐྱོར་ས།།
བྱིན་རླབས་ཕ་ཕོག་བརྙེས་པའི་དངོས་གྲུབ་ཅན་ནོ།།
 
བསྟན་པའི་མེ་རོ་གསོ་བའི་རུ་དར་འཁྱེར་མཁན།།
བཀའ་གཏེར་ནོར་བུའི་མཛོད་ཀྱི་ཆེ་བ་འདོན་མཁན།།
སྐྱ་ཟད་སྔོ་སྡུག་དུས་ཀྱང་འཇིགས་ཞུམ་མེད་ས།།
རྒྱལ་ཁམས་ཆོས་ཀྱིས་སྐྱོང་བའི་ཐུགས་རྗེ་ཅན་ནོ།།
 
ཚིག་བརྒྱ་གནད་དུ་དྲིལ་ནས་གདམས་པ་འཇོག་མཁན།།
གསུང་གསང་བདུད་རྩིའི་རོལ་མཚོ་གཏེར་དུ་འགྱེད་མཁན།།
ཕེབས་བཞུགས་ཇི་ལྟར་མཛད་ཀྱང་འགྲོ་དོན་རྒྱས་ས།།
སྔ་འགྱུར་བསྟན་པའི་རྒྱན་གཅིག་བཀའ་དྲིན་ཅན་ནོ།།
 
བླ་མའི་ཐུགས་རྗེ་མོལ་དེར་སྤྱན་ཆབ་བསིལ་མཁན།།
བརྩེ་ཆེན་དགྱེས་པའི་ཞལ་གྱིས་འཁོར་སློབ་སྐྱོང་མཁན།།
རིས་མེད་སྐྱེས་ཆེན་རྣམས་ཀྱིས་ཞབས་པད་བསྙེན་ས།།
ཡིད་བཞིན་ནོར་བུའི་མཚན་གྱི་གྲགས་དཀར་ཅན་ནོ།།
༢༠༢༠/༡༢/༢༩
 
______________________
«དྲན་གདུང་ཁྲོད་ཀྱི་བླ་མ།»
རྩོམ་པ་པོ། སློབ་དཔོན་ཚེ་དགའ་དབང་རྒྱལ།
ཀུན་གསལ་ཉི་མ་ནུབ་རིའི་རྒྱབ་ཏུ་ཟུམ།།
བསིལ་ཟེར་ཟླ་བ་སྤྲིན་ནག་གཟེབ་ཏུ་ཡིབ།།
བདག་པོས་འབོར་བའི་སྐར་ཚོགས་ཕྲ་མོ་དག།
རྗེས་དྲན་དད་སེམས་མིག་ཆུའི་མཆོད་པ་འབུལ།།
 
འདས་མཆོད་སྒྲ་དབྱངས་སྙན་མོ་གླིང་བཞིར་ཁྱབ།།
མཛེས་པའི་མེ་ཏོག་སྣ་ཚོགས་ཕྱོགས་ཀུན་འགྲེམ།།
སྐུ་ཐང་ནང་ནས་འཛུམ་པའི་བླ་མ་འདི།།
ཁྲ་ཆུང་མིག་ལ་མངོན་དུས་སེམས་པ་སྐྱོ།།
 
གདུང་བཞི་ཀ་བས་བཏེགས་པའི་གཙུག་ལག་ནང།།
རྣམ་དག་ངུར་སྨྲིག་འཛིན་པའི་དགེ་སློབ་ཚོགས།།
ཆོ་ག་དབྱངས་རྟ་གྱེར་བའི་འགྱུར་ཁུགས་འདི།།
རྣ་བའི་སྒོ་ལ་ཐོས་དུས་སེམས་ཁམས་བཟི།།
 
བཤད་སྒྲུབ་ཆོས་སྡེ་ཆེན་པོ་རི་ཀླུང་གང་།།
མཁན་བཙུན་ཉི་ཟླ་ཟུང་འབྲེལ་འཛམ་གླིང་ཁྱབ།།
ཚུལ་གནས་འདུལ་བའི་བཞེངས་པའི་ཆོས་སྒར་འདི།།
རྣམ་པ་མདུན་ལ་འཆར་དུས་དད་གུས་འཁྲུངས།།
 
དུས་ཀྱི་ཉག་ཕྲ་ཁྲོད་ནས་བསྟན་ལ་དུང་།།
དུག་གསུམ་མེ་ལྕེ་རྒྱས་དུས་འགྲོ་ལ་བརྩེ།།
སྙིགས་དུས་སྨོན་ལམ་རྫོགས་པའི་སེམས་དཔའ་ཁྱེད།།
བདག་གིས་མོས་གུས་གདུང་བའི་བླ་མ་ཡིན།།
 
སྐུ་ཡི་མཚན་དཔེ་མིག་མདུན་མ་མཇལ་ཡང་།།
ཡེ་ཤེས་ཕུང་པོ་དད་པའི་སྤྱི་བོར་ཡོད།།
བདེ་ཆེན་ཞིང་ལ་བཞུགས་པའི་བླ་མ་ཁྱེད།།
མི་དམིགས་བརྩེ་བས་རྗེས་སུ་གཟུང་བར་ཤོག།
 
(ཞལ་མཇལ་གྱི་སྐལ་བ་མ་ཐོབ་རུང་། དད་གུས་ལ་གཡོ་བ་སྤུ་ཙམ་མེད།)
  ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ཚེས་ ༢༩ ཉིན།
 
_______________________
«རྗེ་བླ་མ་དྲན་སྟངས་གཞན་ཞིག»
རྩོམ་པ་པོ། ལྷོ་གོ་ཆ།
དུས་མར་མར་དུ་འགྲིབ་པའི་སོ་ཁ་ནས།།
འོད་ལམ་ལམ་དུ་འཚེར་བའི་ནོར་བུ་ཞིག།
སྐུ་ཆོས་དབྱིངས་ལ་གཤེགས་པའི་ངང་ཚུལ་འདི།།
ཡིད་མྱ་ངན་གྱི་སྣོན་མ་ཡིན་མོད་ཀྱང་།།
སྐུ་ཚེ་གང་ལ་བསགས་པའི་ངལ་བ་གང་།།
གསུང་འགག་མེད་དུ་བསྩལ་བའི་སྒྲ་དབྱངས་དེ།
ཐུགས་སྨོན་ལམ་གྱི་ནུས་མཐུའི་ཚན་ཁ་སོགས།
ཤུལ་ད་ཡོད་ཀྱི་འགྲོ་བར་བཞག་ཡོད་པས།།
ལས་སྐལ་བཟང་གི་བསོད་ནམས་འདི་བསམ་ན།།
སྡུག་ངུ་ངག་གི་སྐྱེལ་མ་མི་དགོས་པས།།
གདམས་གང་ཡོད་ཀྱི་ལས་ལ་འབད་པ་གཅེས།།
 
རྗེ་བླ་མ་ཡི་མཛད་པའི་ཆ་ཙམ་ཡང་།།
ཡིད་ལུས་ངག་གི་ཡུལ་ལས་འདས་མོད་ཀྱང་།།
གང་མཛད་པ་ཡི་རྒྱལ་པོ་གསུངས་ཡིན་ན།།
ནང་གྲུབ་མཐའ་ཡི་ཆགས་སྡང་དོར་དགོས་ཀྱི།།
དགོས་བཀའ་གསུང་གི་བདུད་རྩིར་སྙིང་ཡིན་ན།།
ཡིད་བཟློགས་མེད་ཀྱི་དད་གུས་དངོས་ཡོད་ན།།
སྐུ་དགྱེས་དགའ་ཡི་དོན་ཡང་དེས་འགྲུབ་པས།།
ཕྱོགས་འཐེན་འཁྱེར་གྱི་ཆགས་སྡང་ཡལ་ན་ལེགས།།  
 
ཡོང་ཁུངས། དོ་བདག་གི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།