རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 30 December 2020

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྤྲུལ་ཡིད་བཞིན་ནོར་བུ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་པར་ཕེབས་པའི་འཁྲུངས་སྐར་རྟེན་འབྲེལ་གྱི་གཞས་གསར།

______________________
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།
«༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་ལ་སྨོན་ཚིག་ཏུ་ཕུལ་བ་བཀྲ་ཤིས་ཆོས་དུང་དཀར་པོའི་རང་སྒྲ།»
ཚིག:  གོ་ཇོ་བུ་ཅུང་། (མཁན་པོ་བཀྲ་ཤིས་ཚེ་བརྟན།)
དབྱངས།:  འབྲུག་པའི་དམངས་ཁྲོད།
གཞས་པ།:  བསོད་ནམས་དབང་འདུས་དང་ཚེ་རིང་དབྱངས་སྐྱིད།
རོལ་ཆ་སྒྲིག་འགོད།:  བཀྲ་ཤིས་དབང་འདུས།


བཅོམ་ལྡན་ཐུབ་པའི་ཞལ་སྐྱིན། །གུ་རུ་པདྨའི་རྒྱལ་ཚབ།།
༸གྲུབ་དབང་པདྨ་ནོར་བུར། །སྙིང་ནས་གསོལ་བ་འདེབས་སོ།།

༸གྲུབ་ཆེན་སངས་རྒྱས་རྡོ་རྗེའི། །བསླུ་མེད་ལུང་བསྟན་ཇི་བཞིན།།
ཡང་སྤྲུལ་གསེར་གྱི་ཉི་མ། །གངས་ཅན་བོད་ནས་འཁྲུངས་བྱུང་།།

དམ་གཙང་མཆེད་ལྕམ་ཡོངས་ཀྱིས། །ཁྱེད་ཀྱི་འཁྲུངས་སྐར་དུས་བཟང་།།
དད་སྨོན་འབུམ་གྱིས་བསུ་བཞིན། །བཀྲ་ཤིས་བདེ་ལེགས་ཞུ་འོ།།

དགྱེས་བརྩེའི་ཞལ་རས་མཇལ་དུས། །དད་པའི་མིག་ཆུ་འཐོར་སོང་།།
མི་འགྱུར་སེམས་ཀྱི་མཆོད་པ། །ཁྱེད་ཀྱི་ཕྱོགས་ལ་ཕུལ་ཡོད།།

བཅོ་ལྔའི་དུང་ཟླ་དཀར་པོ། །ཡངས་པའི་མཁའ་ལ་ཕེབས་ཏེ།།
རིགས་དྲུག་འགྲོ་བའི་དཀའ་སྡུག །བསིལ་ཟེར་འོད་ཀྱིས་བསལ་མཛོད།།

བི་མ་ལ་ཡི་ལྟ་དགོངས། །ཞི་བ་འཚོ་ཡི་སྤྱོད་ཚུལ།།
གུ་རུ་པདྨའི་ཕྲིན་ལས། །ཁྱེད་ཀྱིས་བདག་གིར་བཞེས་རོགས།།

མཁས་བཙུན་བཟང་པོའི་ཡོན་ཏན། །གོ་ལའི་ཁྱོན་ལ་གྲགས་ཤིང་།།
བསྟན་འགྲོར་སྨན་པའི་དགེ་མཚན། །ཉི་མ་བཞིན་དུ་གསལ་ཤོག།

འཛམ་གླིང་ཡུལ་གྲུ་གང་སར། །སྐལ་བཟང་སློབ་མ་འབུམ་གྱིས།།
ཁྱེད་ཞལ་མྱུར་དུ་མཇལ་བའི། །རེ་སྨོན་སྟོང་གིས་སྒུག་ཡོད།།

ཨེ་མ་དཔལ་ལྡན་བླ་མའི། །གསང་གསུམ་ཐུགས་རྗེ་གཅིག་འདུས།།
ཡང་སྤྲུལ་ཡིད་བཞིན་ནོར་བུ། །སྐུ་ཚེ་བསྐལ་བརྒྱར་བསྟན་ཤོག།

ཨེ་མ་དཔལ་ལྡན་བླ་མའི། །དམ་ལྡན་གདུལ་བྱ་སྐྱོང་མཛད།།
ཡང་སྤྲུལ་ཡིད་བཞིན་ནོར་བུའི། །མཛད་བཟང་གླིང་བཞིར་ཁྱབ་ཤོག།

ཨེ་མ་དཔལ་ལྡན་བླ་མའི། །ཡང་སྤྲུལ་ཡིད་བཞིན་ནོར་བུའི།།
ཐུགས་དགོངས་ལྷུན་གྱིས་སྒྲུབ་སྟེ། །འཇིག་རྟེན་ཞི་བདེས་ཁྱབ་ཤོག།


______________________
འཁྲུངས་སྐར་མཆོད་པ།
ཚིག:  དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།
དབྱངས།:  འཇམ་དཔལ་བློ་གྲོས།
ལེན་མཁན།:  འཇམ་དཔལ་བློ་གྲོས།
བརྙན་སྒྲིག་སྦྱོར་བ།:  དོལ་པོ་དཀོན་མཆོག་ཚེ་རིང་།

ང་ཡི་རྩ་བའི་བླ་མ། །༸གྲུབ་དབང་པདྨ་ནོར་བུའི།།
ཡང་སྲིད་ཁྲི་གདུགས་ཉི་མ། །འཛམ་གླིང་རྒྱན་དུ་ཤར་བྱུང་།།

མཇལ་ན་མིག་ལ་མཚར་བ། །དྲན་ན་སེམས་པ་སྐྱིད་པ།།
འདི་ཕྱིའི་སྐྱབས་འཇུག་ཞུ་ས། །དྲིན་ཆེན་བླ་མ་ཁྱེད་ཡིན།།

ཡ་རི་ལོ། འཁྲུངས་སྐར་རྟེན་འབྲེལ་བསུ།

སེམས་ཀྱི་ཡིད་བཞིན་ནོར་བུ། །དངོས་སུ་མཇལ་མྱོང་མེད་ཀྱང་།།
གསོལ་བ་སྙིང་ནས་བཏབ་པས། །ཐུགས་རྗེས་རྒྱང་ནས་གཟིགས་བྱུང་།།

དམ་ཚིག་གཅིག་པའི་མཆེད་གྲོགས། །ལྗོན་ཤིང་གཅིག་གི་ཡལ་ག།
ཡལ་ག་འཐོར་ཞིག་མེད་པར། །ཚང་མ་མཉམ་དུ་འཛོམས་ཤོག།

ཡ་རི་ལོ། འཁྲུངས་སྐར་རྟེན་འབྲེལ་བསུ།

དྲི་མེད་ཨ་ཤེ་ཁ་བཏགས། །གསེར་ཁྲིའི་མདུན་དུ་ཕུལ་ནས།།
སྐུ་ཚེ་བསྐལ་བརྒྱར་བསྟན་པའི། །གསོལ་བ་སྙིང་ནས་འདེབས་སོ།།

བཀྲ་ཤིས་དུས་བཟང་འདི་ལ། །ལྷན་རྒྱས་སྤྲོ་སྤྲོ་གནང་དང་།།
དགའ་བའི་གླུ་དབྱངས་ལེན་ཞིང་། །འཁྲུངས་སྐར་རྟེན་འབྲེལ་ཞུ་འོ།།

ཡ་རི་ལོ། འཁྲུངས་སྐར་རྟེན་འབྲེལ་བསུ།


རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།