རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 31 December 2020

༸སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་དང་པོ།

འདི་ག་ངེད་དྲྭ་བས། ད་ལན་ཡང་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར། ༸སྐྱབས་རྗེ་གང་གི་འཁོར་སློབ་མཁན་སློབ་དགེ་བའི་བཤེས་གཉེན་དང་སྐྱ་སེར་དུ་མས། རང་ངོས་ཀྱི་ངོ་དེབ་དྲྭ་བ་སོགས་སུ་འཁྲུངས་སྐར་རྟེན་འབྲེལ་བསུ་བའི་ཤིས་ཚིག་གི་སྙན་ངག་དགའ་རབ་བྲིས་གནང་འདུག་པས། དེ་དག་ལ་རྩོམ་སྤུས་ཡག་སྡུག་གི་ཤན་དེ་ཙམ་མ་ཕྱེས་ནས། ཕལ་ཆེ་བ་འདི་གར་འགོད་ཨེ་ཐུབ་བལྟས་ཏེ། གཙོ་བོ་བསླབ་པ་གོ་རིམ་གྱིས་བསྒྲིགས་ཡོད་པས། ལྷན་རྒྱས་དགྱེས་གཟིགས་གནང་རོགས་ཞུ།

____________________________
«བཅུ་གཉིས་སོ་གཅིག»
ཡར་འབྲོག་མཁན་པོ་ཐུབ་བསྟན་ཡེ་ཤེས།

དེ་རིང་བཅུ་གཉིས་སོ་གཅིག་རེད།།
ཡང་སྲིད་གཞོན་ནུའི་འཁྲུངས་སྐར་ཡིན།།
རྒྱལ་བསྟན་སྣང་བས་ཁྱབ་པའི་ཉིན།།
དགའ་སྤྲོའི་འཛུམ་གྱི་མཆོད་དུས་ཡིན།།

དེ་རིང་བཅུ་གཉིས་སོ་གཅིག་རེད།།
སྔ་འགྱུར་ཚང་གི་འཁྲུངས་སྐར་ཡིན།།
བསྟན་པ་འཛམ་གླིང་ཁྱབ་པའི་ཉིན།།
འདུལ་བྱ་དགའ་སྐྱིད་རོལ་བའི་དུས།།

དེ་རིང་བཅུ་གཉིས་སོ་གཅིག་རེད།།
ལྷ་བྱ་དཀར་པོའི་འཁྲུངས་སྐར་ཡིན།།
བྱ་ཚོགས་སྣང་བ་སྐྱིད་པའི་ཉིན། 
སྙན་པའི་དབྱངས་ཀྱི་མཆོད་དུས་རེད།།

དེ་རིང་བཅུ་གཉིས་སོ་གཅིག་རེད།།
རྩ་བའི་བླ་མའི་འཁྲུངས་སྐར་ཡིན།།
གོང་མའི་མཛད་ཆེན་བཞེས་པའི་ཉིན།།
མཛད་འཕྲིན་རྒྱས་པའི་དུས་བཟང་ཡིན།།

_____________________________
«སྐྱོ་བ་སངས་བྱུང་།»
མཁན་པོ་པདྨ་དབང་ཆེན།

ལོ་ཟླ་འགའ་རེ་ཡི་ཡར་སྔོན་ཡར་སྔོན།།
འཛམ་གླིང་ཉི་མ་ཞིག་ནུབ་ལ་བཞུད་ནས།།
དམར་ཆུང་སེམས་པ་འདི་མུན་པས་བཟུང་ཞིང་།།
ལྷོ་མཐའི་ཡུལ་ལྗོངས་འདི་རབ་རིབ་གྱུར་མྱོང་།།

དད་ལྡན་སློབ་མའི་ཚོགས་དྭ་ཕྲུག་ལུས་ཏེ།།
སྐྱོ་བའི་མིག་ཆུ་ཡིས་རས་གཟན་བརླན་བྱུང་།།
གྱེས་བྲལ་སེམས་པ་འདིས་སྐྱོ་གདུང་མ་ཐེག།
ཆོས་ཀྱི་གྲོང་ཁྱེར་ལ་སྐྱ་མདངས་བབས་མྱོང་།།

རིམ་གཉིས་ཟབ་ལམ་ལ་གདིང་དང་ལྡན་ཞིང་།།
ཡང་གསང་རྫོཌ་ཆེན་ལ་ཉམས་བཞེས་གནང་བའི།།
གྲུབ་རིགས་སྔགས་འཆང་གི་གཙུག་ནོར་དམ་པ།།
མཚུངས་མེད་བླ་མ་དེ་སངས་རྒྱས་རྡོ་རྗེ།།

མི་ཆེན་དཔོན་ཆེན་གྱི་གཡོ་འོག་མ་ཚུད།།
རྒྱུ་ནོར་ལོངས་སྤྱོད་ལ་སྣང་བ་མ་གཡེངས།།
དུད་ཚང་དཀྱུས་མ་ཡི་ནང་ནས་འཁྲུངས་པའི།།
ང་ཡི་བླ་མ་དེ་གདན་འདྲེན་ཞུས་བྱུང་།།

རྡོ་རྗེའི་སྤུན་གྲོགས་ལ་འགྱུར་བ་མི་འདུག།
དད་དང་དམ་ཚིག་ལ་ཁ་ཁོག་མི་འདུག།
བླ་མའི་ཐུགས་རྗེ་ལ་ཉེ་རིང་མི་འདུག།
མུན་པའི་ཁོར་ཡུག་ལ་སྣང་བ་རྒྱས་བྱུང་།།

ང་དང་ང་འདྲ་བ་སློབ་མའི་ཁྱུ་ཚོགས།།
སྡུག་གི་ན་བུན་འདི་རིམ་བཞིན་ཡལ་ཐལ།།
དབུགས་ཀྱི་རྒྱུ་བ་འདི་ལྷོད་ལ་བབས་སོང་།།
གྲང་བའི་ལུས་ཁམས་ལ་དྲོད་ཐིག་འཁོར་བྱུང་།།

སླར་ཡང་འཛུམ་ཞལ་དེ་ངོམས་ནས་ཕེབས་ཤོག།
གསུང་གི་བདུད་རྩི་དེ་འཐུང་བ་འདོད་དོ།།
གོང་མའི་རྣམ་ཐར་བཞིན་སྐྱོང་ནས་བྱོན་ཤོག།
རེ་བའི་མིག་ཟུང་གིས་ཅེར་ནས་སྒུག་ཡོད།།

                      ༢༠༢༠/༡༢/༣༡

_________________________
«འཁྲུངས་སྐར་བསུ།»
མཁན་པོ་བསྟན་འཕེལ་དབང་ཕྱུག

རྒྱལ་ཀུན་འདུས་པའི་རང་གཟུགས་ཉིད།།
སྐལ་ལྡན་ཐར་ལམ་འདྲེན་པའི་མགོན།།
མཚོ་སྐྱེས་རྒྱལ་བའི་རྒྱལ་ཚབ་དངོས།།
པད་མ་ནོར་བུ་སྙིང་ནས་གུས།།

ལས་སྨོན་རྟེན་འབྲེལ་མཐུ་བཙན་པས།།
བསིལ་ལྡན་གངས་ཀྱི་ཞིང་ཁམས་སུ།།
ཡང་སྤྲུལ་ཉི་གཞོན་དབང་པོ་ཡི།།
མཚན་དཔེའི་མེ་ཏོག་གསར་པ་བཞད།།

མ་ལ་ཡ་ཡི་ནགས་ཀླུང་དུ།།
འདུས་པའི་འཁོར་ཚོགས་འབུམ་ཕྲག་གིས།།
དད་དམ་གཡོ་བ་མེད་པ་ཡིས།།
ཁྱེད་ཀྱི་འཁྲུངས་སྐར་རྟེན་འབྲེལ་ཞུ།།

ཁྱེད་ཐུགས་ལྷ་ཡི་རྫིངས་རིང་དུ།།
འཆད་རྩོད་རྩོམ་པའི་ཉི་ཟླ་ཟུང་།།
འོད་ཟེར་སྟོང་གིས་གཟི་བྱིན་འབར།།
གོང་མའི་ཕྲིན་ལས་སྐྱོང་བར་མཛོད།།

འདི་ན་སློབ་ཚོགས་ཁྲི་ཕྲག་གིས།།
མིང་ཟུང་ཅེར་ས་ཁྱོད་ཡིན་པས།།
ཞབས་སེན་མི་འཇིག་རྡོ་རྗེའི་ཁྲིར།།
རྟག་ཏུ་འཚོ་ཞིང་བརྟན་པར་བཞུགས།།

རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ན།།
དམ་གཙང་མཆེད་ལྕམ་ཕོ་མོ་ཚོའི།།
རིང་ནས་སྙིང་དུ་བརྣགས་པའི་དོན།།
ཁྱེད་ཞལ་མྱུར་དུ་མཇལ་བར་སྨོན།།
༢༠༢༠/༡༢/༣༡

________________________
«ལྷ་བུའི་སྒལ་ཚིགས་རྨེལ་བ།»
གངས་སེང་དཀར་མོ།

བྱིན་རླབས་ཁུར་བའི་མི་ཕོ་ཆུང་ཆུང་འོད་ཀྱི་དཀྱིལ་ན་ཁོལ་བ་བཞིན།།
དད་པ་རྒྱ་མཚོས་མཆོད་མཆོད་ཁ་ཡི་གཡང་ཞག་ནོར་བུ་ལོན་པ་ཁྱེད།།
མི་ཁྱིམ་ཕལ་བའི་གཅེས་ཕྲུག་ཁྱེད་ལ་ལྷ་ཡི་ཅོད་པཎ་གནང་བ་ནས།།
རེ་ཐག་ཆད་པའི་བུ་སློབ་སྟོང་གི་སེམས་པ་གསོ་ཐབས་ཁྱེད་ཀྱིས་བྱས།།

རྙོག་མ་མེད་པའི་བདུད་རྩིའི་མཚོ་ལ་ཟླ་དཀར་མཚོ་ལ་ཤར་བ་བཞིན།།
མེ་ཏོག་ཆར་གྱིས་ཆག་ཆག་གདབ་པས་ཕེབས་པ་ན་ཡང་བདེ་བ་ཁྱེད།།
སྐྱེ་མ་ཐག་པའི་ངོ་མཚར་གཏམ་གྱིས་ཁྱེད་ཀྱི་མཛེས་པ་འཕྱུར་བ་ནས།།
ངུ་ཁ་འཆོར་བའི་རྒས་པོ་དེ་ཚོའི་མྱ་ངན་སངས་ཐབས་ཁྱེད་ཀྱིས་བྱས།།

རིན་པོ་ཆེ་ཡི་ཞལ་གྱི་དཀྱིལ་འཁོར་བྲི་གང་མེད་པར་འཕོས་པ་བཞིན།།
འཚར་ལ་སྡུག་པའི་ཆུ་སྐྱེས་པདྨའི་དཔྱིད་ཀྱི་ཐིག་ལེར་སྨིན་པ་ཁྱེད།།
རྒྱ་མཚོའི་གླིང་གི་ནོར་བུ་འདྲ་ལ་གསེར་གྱི་འོད་ཟེར་འཁྱིལ་བ་ནས།།
མུན་པས་གཡོག་པའི་ཚོར་བ་རེ་ལ་སྒྲོན་མེའི་སྣང་བ་ཁྱེད་ཀྱིས་བྱས།།

བརྡ་གོའི་རི་ན་བཞད་པ་ཙམ་ལས་ང་ཚོར་ཅི་ཡང་མ་གསུངས་བཞིན།།
འདུས་པ་རྒྱ་མཚོའི་ཁ་ལོ་བསྒྱུར་བའི་སྐུ་བསོད་སྔར་བཞིན་ཆེ་བ་ཁྱེད།།
དུང་ལུང་ཁྲ་མོས་མེ་ཏོག་ཆུང་ཆུང་མཆོད་པའི་རྟེན་དུ་ཕུལ་བ་ནས།།
ཀྱག་ཀྱོག་ཆེ་བའི་ལོ་ཟླ་འདི་ཚོར་ལྷ་ཕྱག་འཚལ་ས་ཁྱེད་ཀྱིས་བྱས།།

ཕ་དང་མ་ལ་ཧམ་པ་ཅང་མེད་ཕ་ལམ་ཐང་ནས་རྙེད་པ་བཞིན།།
སྤྱན་ཤེལ་ཅན་གྱི་བན་ཆུང་སྙིང་རྗེ་ཀ་ཁ་ཀློག་པའི་སློབ་མ་ཁྱེད།།
ང་ཚོའི་སེམས་ན་བརྗེད་པ་མེད་པའི་བླ་མ་ཉིད་དུ་བཀུར་བ་ནས།།
ཕན་བདེའི་རྩ་ལག་མཛད་པ་མེད་པ་ད་ལྟ་ཉིད་ནས་ཁྱེད་ཀྱིས་བྱས།།

རྡུལ་བག་བྲལ་བའི་མཛེས་པ་འདི་ཀོ་ཟླ་བའི་ནང་ནས་ཐོན་པ་བཞིན།།
བཅོ་ལྔའི་ཟླ་བ་ཞལ་དུ་ཁུག་འདྲ་འཛུམ་ཙམ་གྱིས་ཀྱང་བསིལ་བ་ཁྱེད།།
རྩོད་པ་མེད་པའི་སྒྱུ་འཕྲུལ་གར་གྱིས་ངོ་མཚར་སྟོང་དུ་བསྐྲུན་པ་ནས།།
དབྱངས་ཀྱི་ཁ་ན་འཛད་པ་མེད་པའི་གཙུག་གི་ནོར་བུ་ཁྱེད་ཀྱིས་བྱས།།
༢༠༢༠/༡༢/༣༡

_____________________________
«༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེའི་འཁྲུངས་སྐར་དུ་ཕུལ།»
ལམ་བཟང་པོ།

ཚོགས་གཉིས་སྡོང་པོའི་རྩ་བ་རྒྱས་ཏེ་གཞན་ཕན་ཡལ་ག་ཕྱོགས་ཀུན་བརྐྱངས།།
ཉམས་རྟོགས་གདོད་མའི་བཙན་ས་ཟིན་ཏེ་བྱམས་བརྩེའི་མཚོ་ཆེན་གཏིང་མཐའ་བྲལ།།
གྲངས་མེད་འགྲོ་བའི་སྡུག་བསྔལ་ཚེར་མ་ཕྱག་གིས་འཐོག་པའི་སེམས་པ་ཆེ།།
སྙིགས་དུས་བསྟན་པའི་དཔལ་འབར་སྒྲོན་མི་གྲུབ་དབང་པདྨ་ནོར་བུ་མཁྱེན།།

སྐབས་ཤིག་ཁྱེད་ཉིད་ཞལ་གྱི་དཀྱིལ་འཁོར་དཔལ་རིའི་ཞིང་དུ་ཕྱོགས་པའི་ཚེ།།
གང་གི་སྐུ་གསུང་ཐུགས་ཀྱིས་བསྐྱངས་པའི་སྐྱེ་དགུའི་བདེ་སྐྱིད་སྨག་གིས་བཅོམ།།
ཉིན་མཚན་བར་མེད་སྨྲེང་བའི་དབྱངས་ཀྱིས་ས་ཆེན་ཁྱོན་ལ་སྐྱོ་བ་སྟེར།།
སྐྱབས་མེད་མགོན་བྲལ་མྱ་ངམ་ཐང་ཆེན་སྡུག་གིས་ཨ་ཐང་ཆད་དུས་དེར།།

གང་གི་ཡང་སྲིད་དབང་ཕྱོགས་ཟླ་གཞོན་སླར་དུ་སྲིད་ཞིའི་དཔལ་ལ་ཤར།།
ཉམ་ཐག་གདུལ་བྱར་གདུང་བ་སྦྱིན་མཁན་མུན་པའི་ཚོགས་ཀུན་རང་སར་བྲོས།།
བསྟན་འགྲོའི་དགོངས་བཞེད་ཟབ་མོ་སྐྱོང་ཕྱིར་མི་ཤིགས་སེང་ཆེན་ཁྲི་ལ་བཞུགས།།
བདག་ཅག་དད་གསུམ་འདབ་མ་བརྩེགས་ཏེ་དགའ་བའི་མཆོད་སྤྲིན་ཅིས་མི་འབུལ།།

སྐུ་ལ་མི་འགྱུར་འགྱུར་མེད་རྡོ་རྗེའི་གཡུང་དྲུང་ཆོས་སུ་བཞུགས་པར་ཤོག།
གསུང་ལ་མི་འགག་འགག་མེད་ཚངས་པའི་དབྱངས་སྙན་དྲུག་ཅུ་ལྡན་པར་ཤོག།
ཐུགས་ལ་མི་གཡོ་གཡོ་མེད་ནམ་མཁའི་དབྱིངས་ཆེན་རྟག་ཏུ་བརྟན་པར་ཤོག།
ཡོན་ཏན་འཕྲིན་ལས་མཛད་པའི་འོད་ཀྱིས་གོ་ལ་ཧྲིལ་པོར་ཁྱབ་གྱུར་ཅིག།

༢༠༢༠ ༡༢ ༣༡

__________________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།