རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 31 December 2020

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་གཉིས་པ།

འདི་ག་ངེད་དྲྭ་བས། ད་ལན་ཡང་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར། ༸སྐྱབས་རྗེ་གང་གི་འཁོར་སློབ་མཁན་སློབ་དགེ་བའི་བཤེས་གཉེན་དང་སྐྱ་སེར་དུ་མས། རང་ངོས་ཀྱི་ངོ་དེབ་དྲྭ་བ་སོགས་སུ་འཁྲུངས་སྐར་རྟེན་འབྲེལ་བསུ་བའི་ཤིས་ཚིག་གི་སྙན་ངག་དགའ་རབ་བྲིས་གནང་འདུག་པས། དེ་དག་ལ་རྩོམ་སྤུས་ཡག་སྡུག་གི་ཤན་མ་ཕྱེས་ནས། ཕལ་ཆེ་བ་འདི་གར་འགོད་ཨེ་ཐུབ་བལྟས་ཏེ། གཙོ་བོ་བསླབ་པ་གོ་རིམ་གྱིས་བསྒྲིགས་ཡོད་པས། ལྷན་རྒྱས་དགྱེས་གཟིགས་གནང་རོགས་ཞུ།

___________________
«འཁྲུངས་སྐར་བཀྲཤིས་བདེ་ལེགས།»
སློབ་དཔོན་པདྨ་དབང་ཕྱུག

རྣམ་དཀར་དགེ་ལེགས་སྟོང་གིས་བསྐྲུན་པའི་སྐུ། །
དམིགས་མེད་ཐུགས་རྗེས་འགྲོ་ཀུན་རྗེས་སུ་འཛིན། །
སྐྱོན་བྲལ་ཚུལ་ཁྲིམས་རྒྱན་གྱིས་རབ་མཛེས་པ། །
དཔལ་ལྡན་བླ་མ་ཀུན་གྱི་གཙུག་ན་རྒྱལ། །

སྲིད་གསུམ་སྐྱེ་འགྲོའི་རེ་སྐོང་ཡིད་བཞིན་གཏེར། །
གསང་གསུམ་ལེགས་བཤད་འོད་སྟོང་ཉིན་མོར་བྱེད། །
མཁྱེན་བརྩེ་ནུས་གསུམ་རབ་རྫོགས་བསིལ་ཟེར་ཅན། །
དཔལ་ལྡན་བླ་མ་ཀུན་གྱི་གཙུག་ན་རྒྱལ། །

གང་གི་ཐུགས་རྗེ་ནམ་མཁའི་རྗེས་བསྙེགས་ནས། །
འཆི་མེད་བདུད་རྩི་དབུགས་འབྱིན་རབ་གྲགས་པ། །
ཕུན་ཚོགས་དཔལ་གྱིས་གཏམས་པའི་ཡོངས་འདུའི་ཤིང་། །
དཔལ་ལྡན་བླ་མ་ཀུན་གྱི་གཙུག་ན་རྒྱལ། །

ཤིན་ཏུ་དྭངས་པའི་མཁའ་ལ་རབ་བརྗིད་པའི། །
ལྷ་ཡི་ཚོན་རིས་ཕྱོགས་སུ་མཛེས་པ་བཞིན། །
དམ་པ་སྟོང་གི་དབུས་ན་མངོན་མཐོ་བ། །
དཔལ་ལྡན་བླ་མ་ཀུན་གྱི་གཙུག་ན་རྒྱལ། །

ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །
སྤྲིན་བྲལ་སྟོན་ཀའི་མཁའ་ལ་ཟླ་བ་ལྟར། །
ཇི་བཞིན་མ་འདྲེས་གསལ་ལེར་མཁྱེན་པ་ཡི། །
དཔལ་ལྡན་བླ་མ་ཀུན་གྱི་གཙུག་ན་རྒྱལ། །

_________________________
ན་མོ་གུ་རུ།

ཆོས་དབྱིངས་འགྱུར་མེད་བདེ་ཆེན་ཀློང་ཡངས་ནས།།
འགག་མེད་རང་བྱུང་ཐུགས་རྗེ་ཆེན་པོའི་ཟེར།།
གང་འདུལ་འགྲོ་བའི་དཔལ་དུ་འགྱེད་མཛད་པ།།
ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས།།

སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ།།
ཐར་པའི་ལམ་སྣེ་འདྲེན་པའི་དེད་དཔོན་མཆོག།
ཉམ་ཐག་འགྲོ་བ་འདུལ་ལ་ཟླ་མེད་པའི།།
བཀའ་དྲིན་སྙིང་ནས་དྲན་ཞིང་གུས་ཕྱག་འཚལ།།

དུས་ཀྱི་ཁུག་པ་ནར་མོའི་ཀྱོག་མཚམས་ན།།
ཡོད་ཚད་སྡུག་ལ་འབྱར་བའི་སྐབས་ཤིག་ན།།
ཁྱེད་ཉིད་ཐུགས་ཀྱི་བརྩེ་བས་མ་བཟོད་པར།།
སླར་ཡང་ཞིང་འདིར་ཕེབས་པ་ངོ་མཚར་ཆེ།།

བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་མཆོག།
སྲིད་གསུམ་འགྲོ་བའི་མགོན་དཔུང་དམ་པ་རུ།།
འཆི་མེད་རྡོ་རྗེ་ཚེ་མཐའ་ཡས་པའི་སྐུར།།
བཞུགས་སུ་གསོལད་ཅིག་མ་ཧཱ་གུ་རུ་རྗེ།།

རྒྱལ་བ་སྐྱོབ་པ་དེ་ཡི་ལམ་བཟང་དང་།།
རྨད་བྱུང་ཟ་ཧོར་མཁན་པོའི་ལྟ་སྤྱོད་གཉིས།།
ཁྱད་པར་གུ་རུ་པདྨའི་བཀའ་སྲོལ་རྣམས།།
ཐུགས་ཀྱི་དཀྱིལ་དུ་མཆོངས་ཤིག་རིགས་ཀྱི་བུ།།

ཚ་ཚ་འུར་འུར་ཆེ་བའི་དུས་ངན་དང་།།
ཡོད་ཚད་འཆི་ལ་ཁད་པའི་མར་གཤམ་འདིར།།
སྙིང་པོའི་བསྟན་པ་རྒུད་དུ་མ་བཅུག་པར།།
གོང་མའི་རྣམ་ཐར་བདག་གིར་བཞེས་པར་མཛོད།།

དེ་ལྟར་གསོལ་བ་བཏབ་པའི་མོད་ཉིད་ལ།།
སྐྱེ་བ་ཀུན་ཏུ་མགོན་པོས་རྗེས་བཟུང་ཞིང་།།
ས་ལམ་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས།། 
བྱང་ཆུབ་སྤྱོད་དཀའ་ཡོངས་སུ་རྫོགས་གྱུར་ཅིག།

--------› ལྷག་པ་ཚེ་རིང་དོལ་པོ།

________________________
«སྙིང་དབུས་ན་བཞད་པའི་མེ་ཏོག»
ལྷོ་གོ་ཆ།

འཁྲུངས་པ་ལེགས་སོ་སྐུ་ཡི་ཟླ་གཞོན་ཞིག །
བསིལ་ལྡན་ལྗོངས་ཀྱི་ཤར་རིའི་ཕྲག་ནས་འཚེར། །
ཡང་ཡང་ང་ཚོའི་སླད་དུ་བྱོན་པ་འདི། །
ཐུགས་རྗེ་ཆེ་འོ་དམ་པའི་དམ་པ་ལགས། །

སློབ་འབངས་ཕྲག་བརྒྱའི་དད་པའི་མེ་ཏོག་ཉིད། །
རྒྱ་བལ་འབྲུག་སོགས་འཛམ་གླིང་ཡུལ་གྲུ་རུ། །
དེ་རིང་ཁྱེད་ཀྱི་གཟི་བྱིན་ཅིས་ཀྱང་བརྗིད། །
འདུན་པའི་རྩེ་མོ་ཁྱེད་ཀྱི་ཕྱོགས་སུ་ཤོར། །

ལྷོ་ཕྱོགས་བེ་ཏ་ཡུལ་གྱི་ནགས་ཀླུང་དུ། །
གང་གིས་ཞབས་ཀྱི་བཅག་པའི་ས་རྡུལ་དག །
གུས་པས་བསྙེན་ནོ་མཆོད་པའི་གནས་སུ་འོས། །
ཞིང་ཁམས་འདི་ནས་ཉིད་ཀྱི་བྱིན་རླབས་ཚོར། །

སླར་ཡང་འཁྲུལ་མེད་སྒྱུ་འཕྲུལ་གར་གྱིས་ཤར། །
འཛུམ་ཞལ་པད་མའི་འདབ་མ་ལྷུག་པོར་གྲོལ། །
དད་བརྒྱའི་གཙིག་གི་ཡིད་བཞིན་ནོར་བུ་ལགས། །
འཁྲུངས་པ་ལེགས་སོ་རྟགས་བརྒྱད་རི་མོ་ཡིན། །
༢༠༢༠/༡༢/༣༠ ཉིན་གྲུབ།

_________________________
«༸གྲུབ་དབང་པདྨ་ནོར་བུའི་ཡང་སྤྲུལ་གྱི་འཁྲུངས་སྐར་སྐལ་བཟང་བསུ།»
བསྟན་པ་ཚེ་རིང་།

སྙིགས་ལྔ་ལྷག་པར་བདོ་བའི་ལྷོ་གླིང་འདི་གར།།
རྒྱལ་བསྟན་སྣུམ་ཟད་སྒྲོན་མེ་ཤི་ལ་ཉེ་དུས།།
པཎ་ཆེན་བི་མ་ཐུགས་ཀྱིས་བཟོད་མ་ཐུབ་ནས།།
མི་ཡི་གཟུགས་སུ་ཕེབས་པ་༸གྲུབ་དབང་བླ་མ།།

མ་ཞུས་ཨོ་རྒྱན་ཡུལ་གྱི་རྟེན་དང་བརྟན་པ།།
ལྷོ་ཕྱོགས་བེ་ཏི་ལྗོངས་སུ་དྲངས་པའི་ཚེ་ན།།
གུ་རུའི་བཀའ་བཀྱོན་གནང་བར་དོགས་ནས་ཡབ་རྗེ།།
དག་ཞིང་གཞན་དུ་བྲོས་པའི་མཛད་རྣམ་བསྟན་ཡང་།།

ཉོན་མོངས་དྲག་རླུང་འཕྱོ་བའི་འཁོར་བའི་འཇིངས་སུ།།
ཤུལ་ལུས་མིག་མེད་འདུལ་བྱ་འདོར་མ་ཐུབ་ནས།།
སླར་ཡང་དེ་རིང་ཁ་བ་གངས་རི་ལྗོངས་སུ།།
མཚན་དཔའི་པད་མོ་བཞད་པའི་བསྐལ་བཟང་ཡིན་སོང་།།

རྒྱ་སྐར་མང་པོའི་ཁྲོད་ཀྱི་པ་སངས་ཁྱེད་ཉིད།།
མཛད་འཕྲིན་ཉི་ཟླ་བཞིན་དུ་གླི་བཞིར་ཁྱབ་ཅིང་།།
སྐུ་ཚེ་རྡོ་རྗེ་བཞིན་དུ་བསྐལ་བརྒྱར་བརྟན་ནས།།
ཐུགས་ཀྱི་བཞེད་དགོངས་མཐའ་དག་འབའ་མེད་གྲུབ་ཤོག།

དགའ་བདེ་དོལ་པོས། ༡༢/༣༡/༢༠

________________________

ལང་ཚོ་བཟང་པོ་གངས་རིའི་ལྗོངས་སུ་འཁྲུངས།།
མི་འགྱུར་མཚན་བཟང་རྒྱལ་ཁམས་ཀུན་ཏུ་གྲགས།།
འགྲན་མེད་མཛད་འཕྲིན་མ་ཁྱབ་ས་མ་མཆིས།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

གོ་ལ་འདི་རུ་ཞི་བའི་སྒོ་མོ་ཕྱེ།།
བདེ་བའི་ཁང་བཟང་ཉམ་ཆུང་རྣམས་སུ་བསྐྲུན།།
རེ་བའི་འདུན་པ་སྒྲུབ་པའི་དེད་དཔོན་ཁྱེད།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

ཉི་མ་ཇི་བཞིན་སྙིང་རྗེའི་འོད་སྟོང་གིས།།
སྐྱེ་རྒུ་ཡོངས་ཀྱི་གྲང་བའི་སྡུག་བསྔལ་བཅོམ།།
ལྷག་པའི་སེམས་ལ་འགྲན་པར་སུའི་ནུས།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

ཟླ་བ་ཇི་བཞིན་བྱམས་བརྩེའི་འོད་དྭངས་ཀྱིས།།
སེམས་ཅན་ཀུན་གྱི་ཚ་གདུང་བཅོམ་ལ་མཁས།།
དགྲ་གཉེན་ཕྱོགས་རེས་མི་འབྱེད་འཕགས་མཆོག་ཁྱེད།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

ཡོན་ཏོན་མ་ལུས་སློབ་པའི་བཤེས་གཉེན་རྗེ།།
ཀུན་ལ་ཉེ་རིང་མེད་པའི་གཉེན་གཅིག་པུ།།
སྡུལ་བསྔལ་དགྲ་ལས་སྐྱོབ་པའི་མགོན་པོ་ཁྱེད།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

----------› ལྷག་བསམ་སྒྲོལ་མ།

_________________________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།