༼༡༽
པདྨའི་རྒྱལ་ཚབ་བླ་མའི་ཡང་སྤྲུལ་དང་།།
ཁོ་བོའི་རེ་སྨོན་གྲུབ་པ་ལྷན་ཅིག་འཁྲུངས།།
ཚངས་སྲས་མ་ཡི་རྒྱུད་མངས་རོལ་དང་ལྷན།།
རྟ་བདུན་དབང་པོའི་འོད་ཟེར་ཕྱོགས་ཀུན་ཁྱབ།།
སྐྱེ་འགྲོ་ཡོངས་ཀྱི་མུན་པ་ལྷན་ཅིག་བསལ།།
བླ་མའི་མཛད་ཕྲིན་རྗེས་སུ་དྲན་དང་ལྷན།།
སྒོ་གསུམ་གུས་པ་ཆེན་པོས་འཁྲུངས་སྐར་བསུ།།
སྐུ་ཚེ་མི་འགྱུར་བསྐལ་བརྒྱར་བཞུགས་པ་དང་།།
མཛད་ཕྲིན་མཁའ་ལྟར་རྒྱས་པའི་རེ་སྨོན་ལྷན།།
སྙན་པའི་བ་དན་རོལ་མོའི་དབྱངས་་དང་ལྷན།།
སྒོ་གསུམ་གུས་པ་ཆེན་པོས་འཁྲུངས་སྐར་བསུ།།
-------› སྤྲུལ་ཕྲིན་ལས་ཐོགས་མེད།
༼༢༽
ཟངས་མདོག་དཔལ་གྱི་རི་ནས་།།
པད་འབྱུང་ཐུགས་རྗེའི་ཟེར་ལས།།
མི་འགྱུར་གསེར་གྱི་ཀ་བ།།
བྱང་ཕྱོགས་ཡུལ་ལ་བཙུགས་སོང་།།
ནུབ་ཕྱོགས་དག་པའི་ཞིང་ནས།།
སྣང་མཐའི་དགོངས་པའི་དབྱིངས་ལས།།
བདེ་ཆེན་ཞིང་གི་པད་མོ།།
ཁ་བའི་ལྗོངས་སུ་བཀོད་སོང་།།
འཕགས་མཆོག་ཕྱག་ན་པད་མོ།།
སྙིང་པོའི་ཡིག་དྲུག་གསེང་ལས།།
གདུལ་བྱར་གར་ལ་དབང་བ།།
སླར་ཡང་སྲིད་འདིར་བྱོན་སོང་།།
རྣམ་གླིང་ཆོས་ཀྱི་སྒར་ནས།།
སློབ་ཚོགས་གསོལ་འདེབས་མཐུ་ལས།།
ཟིལ་གནོན་རྡོ་རྗེའི་སྐུ་གཅིག།
གྲུབ་དབང་ཡང་སྲིད་འཁྲུངས་སོང་།།
-------› ཆོས་དབྱིངས་རྡོ་རྗེ།
༼༣༽
རབ་དཀར་ཚོགས་ཟུང་ལས་འཁྲུངས་ཟླ་བའི་ཞལ།།
འོད་སྟོང་གངས་རིའི་རྩེ་ནས་རབ་འཕྲོས་པས།།
གྲུབ་དབང་བླ་མའི་གང་གི་སྤྲུལ་པའི་སྐུ།།
ལྷོ་མཐའ་བྷེ་ཏའི་ཡུལ་ནས་འཁྲུངས་སྐར་བསུ།།
ཁྱེད་ནི་གསེར་ཟངས་བཞིན་དུ་གཟི་འོད་འཚེར།།
ཁྱེད་ནི་ས་བརྟོལ་ལྟ་བུ་དགོས་འདོད་འབྱུང་།།
ཁྱེད་ནི་འདི་ཕྱི་གཉིས་ཀའི་སྐྱབས་གནས་ཡིན།།
ལྷོ་མཐའ་བྷེ་ཏའི་ཡུལ་ནས་འཁྲུངས་སྐར་བསུ།།
སྐུ་ཡི་བརྗིད་ཆགས་རིན་ཆེན་དང་པོ་ལྟར།།
གསུང་གི་སྙན་འཇེབས་ཡན་ལག་དྲུག་བཅུ་བཞིན།།
ཐུགས་ཀྱི་འོད་མདངས་དྲི་མེད་ནམ་མཁའ་ལ།།
ལྷོ་མཐའ་བྷེ་ཏའི་ཡུལ་ནས་འཁྲུངས་སྐར་བསུ།།
གྲུབ་དབང་བླ་མའི་ཡང་སྲིད་སྒྱུ་མའི་སྐུ།།
སྙིང་གི་མེ་ལོང་ངོགས་སུ་རྗེ་གསལ་བར།།
གཏན་གྱི་སྐྱབས་མཆོག་ཡིད་བཞིན་ནོར་བུ་ལ།།
ལྷོ་མཐའ་བྷེ་ཏའི་ཡུལ་ནས་འཁྲུངས་སྐར་བསུ།།
སྙིགས་མའི་མུན་པ་དྲག་པོར་འཕྱུར་བ་འདིར།།
གཞན་དོན་ཁོ་ནར་གཟིགས་པའི་སེམས་དཔའ་ཆེ།།
གྲུབ་དབང་བླ་མའི་ཡང་སྲིད་སྟོན་ཁའི་ཟླ།།
ལྷོ་མཐའ་བྷེ་ཏའི་ཡུལ་ནས་འཁྲུངས་སྐར་བསུ།།
-------› སེངྒེ་དབང་འདུས།
༼༤༽
ལྷ་ཁང་ནང་གི་སྐར་ཆེན་དེ།།
སྐྱེས་ཆེན་ཞིག་གི་འོད་སྣང་ཡིན།།
གསེར་ཁྲིའི་སྟེང་གི་སེར་ཆེན་དེ།།
དྲི་བསུང་མེ་ཏོག་རྐང་གཅིག་ཡིན།།
དམར་སེར་ངུར་སྨྲིག་ན་བཟའ་དེ།།
དམ་པའི་ཆོས་ཀྱི་མཛེས་རྒྱན་ཡིན།།
གྲུབ་དབང་བླ་མའི་ཡང་སྲིད་དེ།།
ཆོ་འཕྲུལ་ཟླ་བའི་གཟི་བྱིན་ཡིན།།
-------› པདྨ་ཆོས་དར།
༼༥༽
གཟུགས་སྐུའི་ལང་ཚོ་རྟ་བདུན་དབང་པོ་ལ།།
མི་འགྱུར་མཚན་མའི་རང་བཞིན་གསལ་བ་ཉིད།།
བདེ་ཆེན་མཁའ་ལ་འགྲོ་བའི་གར་ལ་བརྩོན།།
ཐུབ་དབང་བསྟན་པའི་གསལ་བྱེད་འཁྲུངས་སྐར་བསུ།།
བི་མའི་རྣལ་རོལ་གདུལ་བྱའི་དཔལ་དུ་ཤར།།།
མ་བཅོས་འཛུམ་གྱིས་སྲིད་གསུམ་ཟིལ་གནོན་ཅིང་།།
གཤིས་རྒྱུད་འཇམ་པོའི་འོད་མདངས་ཟེར་འཕྲོ་ཅན།།
འགྱུར་མེད་རྡོ་རྗེའི་ངང་ཚུལ་འཁྲུངས་སྐར་བསུ།།
ལང་ཚོའི་མྱུ་གུ་གངས་རིའི་ལྗོངས་ནས་རྒྱས།།
རྨད་བྱུང་ལོ་འདབ་གོ་ལའི་ཁྱོན་ཀུན་ཁྱབ།།
རབ་དཀར་འབྲས་བཟང་ནོར་འཛིན་བུ་མོ་ཡི།།
ཕྲག་པའི་སྟེང་དུ་སྨིན་པའི་འཁྲུངས་སྐར་བསུ།།
-------› ཚུལ་ཁྲིམས་མཐར་ཕྱིན།
ཡོངས་ཁུངས། རྨེ་རང་གྲོལ་ལམ་པདྨ་ཆོས་དར་གྱི་ངོ་དེབ་དྲ་བ་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།