རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 1 January 2021

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་གསུམ་པ།


[༡]

རྣམ་དག་སྒྲིབ་གཉིས་བྲལ་བའི་མཁའ་ཀློང་ནས།།
སྙིང་རྗེའི་འོད་ཀྱིས་རྒྱན་པའི་བསིལ་ཟེར་ཅན།།
བོད་ཡུལ་ཁ་བ་ཅན་གྱི་རྩེ་མོ་ནས།།
མགོན་དུ་ཕེབས་པའི་ཉིན་མོར་དགའ་བསུ་ཞུ།།

སྙིགས་མའི་དུས་སུ་ཆོས་ཀྱི་སྒྲོན་མེ་དངོས།།
སྔོན་ཆད་མ་བྱུང་རྫོགས་ལྡན་གསར་བ་ཞིག།
ཡིད་མཚོའི་ཀློང་ནས་དོར་བ་སུ་ཡིས་བསམ།།
མི་འགྱུར་འགྲོ་བའི་མགོན་དུ་བཞུགས་སུ་གསོལ།།

མགོན་ཁྱོད་བསྟན་འགྲོའི་དོན་ལས་མ་ཡལ་བར།།
གསོལ་འདེབས་བརྒྱ་ཡི་སྨྲེ་ངག་དོན་དུ་འཚལ།།
དུས་གསུམ་མཁྱེན་པའི་སྐུ་ཉིད་འཛམ་གླིང་འདིར།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་སྨོན་འདུན་ཞུ།།

---------› སློབ་དཔོན་ཀརྨ་ཚེ་རིང་འབྲུག་པ།


[༢]

ཆོས་སྐུ་འགྱུར་བ་མེད་པའི་མཁའ་ཀློང་ནས།།
སྤྲུལ་བའི་རོལ་གར་ཅིར་ཡང་སྟོན་མཛད་པའི།།
སླར་ཡང་འགྲོ་བའི་དཔལ་དུ་ཤར་བའི་མགོན།།
འདྲེན་མཆོག་བླ་མ་ཁྱེད་ཀྱི་འཁྲུངས་སྐར་བསུ།།

འདོད་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་།།
ཁམས་དབང་ཁྱད་པར་སོགས་ལ་མི་ལྟོས་ཀྱང་།།
སླ་བས་ཡིད་མ་ཆེས་པའི་སེམས་ཀྱི་གསང་།།
བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག།

---------› མུ་ཁུམ་པདྨ་འཇམ་དབྱངས།


[༣]

སེམས་པ་ཆེན་པོ་༸གྲུབ་དབང་བླ་མ་ཡི།།
འཁྲུལ་བྲལ་ཉི་མ་བྱོན་པའི་དུས་ཆེན་ཉིན།།
སྒོ་གསུམ་རྩེ་གཅིག་དད་པས་དང་བ་ཡིས།།
བདག་སོགས་གདུལ་བྱ་ཀུན་གྱི་རེ་སྨོན་ཏེ།།

ཐོག་མར་གསན་བསམ་སྒོམ་ལ་ཐར་ཕྱིན་ཞིང་།། 
བར་དུ་འཆད་རྩོད་རྩོམ་ལ་ཐོགས་མེད་མངའ།།
མཐའ་དོན་གཞན་དོན་སྐྱོང་ལ་ཐབས་མཁས་ཀྱིས།།
བཤད་སྒྲུབ་ལས་གསུམ་མཛད་ལ་ལྷུན་གྲུབ་ཤོག།

མི་འགྱུར་རྡོ་རྗེ་ལྟ་བུར་སྐུ་ཚེ་བརྟན།།
བདེ་ཆེན་ཡེ་ཤེས་དབྱིངས་ལས་མི་འདའ་བར།།
འགྲོ་བ་འདུལ་བའི་གར་ལ་དབང་བསྒྱུར་ནས།།
ཐུབ་པའི་བསྟན་ལ་དགྲ་བགེགས་ཟིལ་གྱིས་གནོན།།

སྐྱེས་བུ་དམ་པའི་ཚུལ་དགུའི་རྟ་ལ་ཆིབས།།
གོང་མའི་མཛད་ཕྲིན་མ་ལུས་བཞེས་སུ་གསོལ།།

---------› དོལ་པོ་པདྨ་ནོར་བུ།


[༤]

ཁྱེད་ཀྱི་འཁྲུངས་སྐར་བསུ།
རྒྱལ་ཀུན་སྤྱིའི་གཟུགས་བསྟན་འགྲོའི་དོན་དུ་ཤར།།
གུས་འབངས་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས།།
རྟེན་འབྲེལ་བཟང་བའི་སྨོན་ཚིག་འབོད་ཀྱིན་དུ།།
ཁྱེད་སྐུ་ཟླ་གཞོན་ཨ་སྔོན་དབྱིངས་ནས་བསུ།།

ཁྱེད་ཀྱི་བཀའ་དྲིན་བསུ།
བསྟན་པ་རིན་ཆེན་མཇལ་བ་ཁྱེད་ཀྱི་དྲིན།།
བཤེས་གཉེན་བརྒྱ་ཕྲག་མཇལ་བ་ཁྱེད་ཀྱི་དྲིན།།
དྲིན་གྱི་ཟླ་མེད་བླ་མ་དཀོན་མཆོག་གསུམ།།
བདག་སོགས་འགྲོ་བ་ཡོངས་ཀྱིས་བརྗེད་ཐབས་མེད།།

---------› དགེ་བཤེས་མཆོག་བཀྲ་ཤིས།


[༥]

ཆོས་དབྱིངས་མཁའ་ལས་ཡེ་ཤེས་ཉི་མ་ལྟར།།
གདུལ་བྱའི་དོན་དུ་སླར་ཡང་ཟེར་མ་འཕྲོས།།
ཕྱོགས་བཅུར་པདྨ་རྒྱས་བཞིན་མུན་པ་འཇོམས།། 
གྲུབ་དབང་བླ་མ་སྲིད་པ་གསུམ་ན་རྒྱལ།།

དུས་ངན་ཡོ་ལང་བློ་གྲོས་སྟོབས་རྩལ་གྱིས།།
ཐལ་བར་གཏོར་བཞིན་བསྟན་པའི་མེ་རོ་གསོས།།
ཕ་བརྒྱུད་བུ་འཛིན་དམ་པ་མང་དུ་བསྐྲུན།།
༸གྲུབ་དབང་བླ་མ་མིན་པ་གཞན་ན་སུ།།

དཔའ་བོ་རེ་ཞིག་དབྱིངས་སུ་གཟིམས་ན་ཡང་།།
བསྟན་དང་འགྲོ་ལ་བརྩེ་བས་སླར་ཡང་བཞེད།།
སྐལ་བཟང་འགྲོ་བའི་མགོན་པོ་བྱོན་ཉིན་འདིར།།
ཀུན་ནས་ཀུན་ཏུ་གཤིས་པའི་མེ་ཏོག་འཐོར།།

---------› བླ་མ་ལྷག་པ་ནུ་རུ་ཤར་པ།


[༦]

མཚན་ལྡན་གངས་ནས་བཞད་པའི་གངས་སེང་དཀར་མོ།།
མཚན་དཔེ་ངོ་མཚར་བཀྲ་བའི་འཕགས་པའི་ཁྱེའུ་ཆུང་།།
མཚན་བཟང་གཟུགས་སྐུ་ལེགས་པ་བཱི་མའི་ཡང་སྤྲུལ།།
སྐུ་ཚེ་མི་ཤིགས་ངོ་བོ་རྟག་བརྟན་འཚོ་ཤོག།

མི་འགྱུར་སྐྱབས་མཆོག་དམ་པ་ཡིད་ཀྱི་སྒྲོན་མེ།།
གར་དབང་ཆོས་ཀྱི་རྒྱལ་པོ་བསྟན་འགྲོའི་དོན་དུ།།
ཟིལ་ནོན་གཟི་བརྗིད་ཆེ་བའི་འཇིག་རྟེན་མགོན་པོ།།
རྡོ་རྗེ་འདྲ་བའི་ཁྱེད་སྐུ་ཡུན་དུ་བརྟན་ཤོག།

---------› དོལ་པོ་འཆི་མེད་རྡོ་རྗེ།


[༧]

ལང་ཚོ་བཟང་པོ་གངས་རི་ལྗོངས་སུ་འཁྲུངས།།
མི་འགྱུར་མཚན་བཟང་རྒྱལ་ཁམས་ཀུན་དུ་གྲགས།།
འགྲན་མེད་མཛད་འཕྲིན་མ་ཁྱབ་ས་མ་མཆིས།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

གོ་ལ་འདི་རུ་ཞི་བའི་སྒོ་མོ་ཕྱེ།།
བདེ་བའི་ཁང་བཟང་ཉམ་ཆུང་རྣམས་སུ་བསྐྲུན།།
རེ་བའི་འདུན་པ་སྒྲུབ་པའི་དེད་དཔོན་ཁྱེད།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

ཉི་མ་ཇི་བཞིན་སྙིང་རྗེའི་འོད་སྟོང་གིས།།
སྐྱེ་རྒུ་ཡོངས་ཀྱི་གྲང་བའི་སྡུག་བསྔལ་བཅོམ།།
ལྷག་པའི་སེམས་ལ་འགྲན་པར་སུའི་ནུས།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

ཟླ་བ་ཇི་བཞིན་བྱམས་བརྩེའི་འོད་དྭངས་ཀྱིས།།
སེམས་ཅན་ཀུན་གྱི་ཚ་གདུང་བཅོམ་ལ་མཁས།།
དགྲ་གཉེན་ཕྱོགས་རེས་མི་འབྱེད་འཕགས་མཆོག་ཁྱེད།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

ཡོན་ཏོན་མ་ལུས་སློབ་པའི་བཤེས་གཉེན་རྗེ།།
ཀུན་ལ་ཉེ་རིང་མེད་པའི་གཉེན་གཅིག་པུ།།
སྡུལ་བསྔལ་དགྲ་ལས་སྐྱོབ་པའི་མགོན་པོ་ཁྱེད།།
སྐུ་ཚེ་མི་འགྱུར་རྟག་བརྟན་བཞུགས་སུ་གསོལ།།

---------› ལྷག་བསམ་སྒྲོལ་མ།

རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།