རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 9 January 2021

ལྷོ་གོ་ཆའམ་ཀུན་བཟང་ཉི་མའི་ཆེད་འགོད་སྙན་ངག་གསུམ།

ལོ་ནག་དང་ཁ་གཡང་།
ནད་ཡམས་ཀྱིས་བཙིར་བའི་ཉིས་སྟོང་ཉི་ཤུ་ལགས།
ད་ནས་ཁྱོད་ལ་བདེ་མོ་འཇོག
མི་ཡུལ་ལ་ཁྱོད་ཀྱིས་བཞག་པའི་རྨ་ཤུལ་དག
གཤག་བཅོས་ཐེངས་གཅིག་གི་སྐྱ་ཐིག་ཡིན་སྲིད་མོད།
 
ང་ལ་མཚོན་ན་མུན་པ་ལས་འོད་ཟེར་འགྱེད་པའི་སྣང་བ་ལ།
ཐོབ་དཀའ་བའི་རྩ་འཇུག་བཞི་གསུམ་གྱི་གྱ་ནོམ་འདི།
རིན་བྲལ་གྱི་ཚེ་ནོམ་དུ་སེམས་ཡོད།
 
ལོ་ཟླ་འདི་དག་ལ་རྔུལ་ཆུས་བཙོས་པའི་རིན་དོད་མེད་ནའང་།
གོམ་གང་མདུན་སྤོས་ཀྱིས་རྐང་ལག་བསྲིངས་སྟབས།
འགྱོད་གདུང་དང་ཆོ་ངེ་གང་ཡང་མེད།

འདོད་ཧམ་དང་སྒེར་སེམས་གུ་དོག
མདོར་ན་འདི་དག་དང་རིང་དུ་གྱེས་པ་ནི།
ཉེར་གཅིག་ལོའི་ཁ་གཡང་ཡིན།


ཁ་ལོ་མ་བཏུལ་བའི་རྟ་ཁྱུ།
ཁ་ལོ་མ་བཏུལ་བའི་རྟ་ཁྱུ་ཞིག
འཕག་འཚག་རྒྱག་གིན།
རྨིག་པ་རྡེག་བཞིན།
ཞོགས་འོང་།
གནའ་བོའི་དུད་ཚང་ལ་ལ་དམོད།
ཨ་མའི་ལག་འཁོར་ལ་ཀེར།
ཨ་ཕའི་སྲུང་འཁོར་ལ་གཤེ།
གློ་རྡེག་ཏུ་ང་རྒྱལ་ཞིག་གིས་བརྒྱལ་ནས།
ཁྲེལ་མེད་པར་སྒྲེན་པོར།
ཞོགས་སོང་།


རང་ཉིད་བྲིས་པ།
སྒེར་སེམས་འདོད་རྔམ་རྟ་རྒོད་བཞིན་དུ་རྒྱུག །
ཆགས་སྡང་ལེ་ལོ་ཆར་པ་བཞིན་དུ་འབབ། །
མི་དགེ་ཡོད་རྒུ་ཡར་ངོ་ལྟར་དུ་འཕེལ། །
རང་ཉིད་ཤར་བའི་མེ་ལོང་འདི་ལྟར་རེད། །

བརྩོན་པའི་རྟ་ཕོའི་བང་ཁ་སྒྲོག་གིས་བཅིངས། །
སྤོབས་པའི་གདེང་གི་འདབ་མ་སད་ཀྱིས་བཅོམ། །
རང་ཚུགས་བག་ཕེབ་དབྱིངས་ཀྱི་འཇའ་ལྟར་ཡལ། །
རང་ཉིད་ཤར་བའི་གཟུགས་བརྙན་འདི་ལྟར་རེད། །

ཚེ་འདིར་ཕན་པའི་རྩིས་ཀྱི་གྲངས་ཤིག་མེད། །
རབ་བྱུང་གྲྭ་པ་མིང་གི་ལྷག་མ་ཙམ། །
འདི་ཕྱི་གཉིས་ཀྱི་གཤོག་པ་རླུང་གིས་ཁུར། །
རང་ཉིད་བྲིས་པའི་རི་མོ་འདི་ལྟར་རེད། །


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

1 comment:

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།