རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 9 January 2021

[གཏམ་གྱི་འགོ་མ།] «ཕྱི་ལོ་ ༢༠༢༠ འདི་ང་ལ་མཚོན་ན་གཟི་བརྗིད་དང་ལྡན་པ་ཡིན།»

རྩོམ་པ་པོ། སྡེ་དགེ་སྐལ་བཟང་། (ཆུ་ཁ་ཚང་།)
ཕྱི་ལོ་ ༢༠༢༠ འདི་འགའ་ཤས་ཀྱིས་ཟེར་ན་ལོ་ངན་ཞིག་རེད་ཟེར། ཡང་འགའ་ཤས་ཀྱིས་ཟེར་ན་ལོ་བཟང་ཡིན་ཟེར། གང་ལྟར་མི་རེ་རེ་ལ་རྒྱུ་མཚན་དང་གནས་ལུགས་རེ་རེ་འདུག་པས། ཚང་མ་ལ་བདེན་ཁ་འདུག་ཟེར་ནས་ཞུ་རྒྱུ་ཡིན། རྒྱུ་མཚན་དེ་དག་ལས་གང་རྟོགས་སོང་ཟེར་ན། མི་སོ་སོའི་བསམ་བློ་གཏོང་སྟངས་དང་ལས་ཀ་ལས་སྟངས། མདོར་ན་བལྟ་བ་ལངས་ཕྱོགས། ཆ་ཚང་གཅིག་པ་མ་ཡིན་པ་ཞིག་དང་། ཆ་ཚང་གཅིག་པ་མི་ཡོང་བ་ཞིག་ར་སྤྲོད་གསལ་པོ་བྱུང་སོང་བས། དེ་ཡང་ཕྱི་ལོ་ ༢༠༢༠ ཡིས་ང་ལ་གནང་བའི་བློ་བསྐྱེད་ཅིག་ཡིན་བསམ།

       ད་ལོའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཕྱོགས་གང་སར་ཁྱབ་བརྡལ་ཕྱིན་ཏེ། མི་རྒྱུ་གཉིས་ཀར་དཀའ་ལས་ཚད་མེད་བཟོས་པའི་ལོ་འདིར། ང་ཚོ་མི་ཆ་ཚང་གིས་ཁ་རས་དང་དུག་སེལ་གྱི་ཆུ། ཏོག་དབྱིབས། ཟུར་བཀག ཁྱིམ་སྡོད་བཀའ་རྒྱ། ཏོག་དབྱིབས་རིམ་པ་བཅུ་དགུ་བཅས་དབྱིན་ཡིག་ཤེས་ལ་མི་ཤེས་ཆ་ཚང་གིས་སྨྲས་སོང་ལ། དབྱིན་ཡིག་མ་ཤེས་ཀྱང་ཨ་མཆོག་གིས་སྔ་དྲོ་ནས་ཕྱི་དྲོ་དབར་ཚིག་འདི་དག་གོ་གོ་བ་ཞིག་རེད། ཡིན་ན་ཡང་། ཁ་སང་མི་འགའ་ལས་སྐད་ཆ་དྲིས་ཏེ། ཟུར་བཀག་ལ་དབྱིན་སྐད་ཀྱི་སྟེང་ནས་གང་ཟེར། དེ་བཞིན་ཁྱིམ་སྡོད་བཀའ་རྒྱ། ཁ་རས། དུག་སེལ་གྱི་ཆུ། ཏོག་དབྱིབས་རིམ་པ་བཅུ་དགུ་པ་སོགས་དབྱིན་ཡིག་གི་སྟེང་དུ་གང་འདྲ་འབྲི་དགོས་སམ་ཞེས་དྲིས། ཁོང་ཚོ་ལ་ལན་ཏག་ཏག་ཅིག་འདེབས་རྒྱུ་མི་འདུག བྱས་ཙང་། ངས་བསམ་ན་མི་ཟེར་བའི་ཐ་སྙད་གང་དང་གང་ཡིན་ནའང་འདྲ། དངོས་པོ་གང་དང་གང་ཡིན་ནའང་འདྲ། ཆོས་གང་འདྲ་ཞིག་ཡིན་ནའང་འདྲ། དེ་དག་ལ་དོ་སྣང་ཞིག་མ་བྱས་ཚེ། དེ་དག་རྒྱུན་ལྡན་སྤྱི་ཚོགས་སུ་གྲགས་འདུག་རྒྱུ་ཞིག་ཡིན་ན་ཡང་། ད་གཟོད་དེ་དག་ལས་སླ་པོ་ཤེས་ཡོང་ཡ་ཞིག་མིན་པའི་སྡོམ་ཚིག་ཟབ་མོ་ཞིག་བློ་ངོར་འཆར་བྱུང་། དེ་ཡང་ཕྱི་ལོ་ ༢༠༢༠ ཡིས་ང་ལ་གནང་བའི་བློ་བསྐྱེད་ཅིག་ཡིན་བསམ། 

       ཡང་འགའ་རེས་ཟེར་ན། ལོ་འདི་ཧ་ཅང་གི་ལོ་བཟང་ཞིག་སྟེ། ད་བར་བྱུང་མ་མྱོང་བའི་གུང་སེང་སྐྱིད་པོ་ཞིག་བྱུང་ལ། ནང་མི་ལྷན་འཛོམས་ཀྱི་དུས་ཚོད་ཡག་ཤོས་ཡིན་ཟེར། རྒྱུ་མཚན་གང་ཡིན་དྲིས་པའི་ལན་དུ། ནམ་རྒྱུན་ཡིན་ཚེ་ཕ་དང་མ་བུ་དང་བུ་མོ། ཨ་ཅེ་དང་ནུ་མོ། ཕུ་བོ་དང་ནུ་མོ་སོགས་རེ་རེ་བཞིན་རང་རང་གི་ལས་གནས་སུ་ཁ་ཕྱོགས་ཏེ་མཉམ་འཛོམས་ཀྱི་གོ་སྐབས་ཧ་ཅང་ཉུང་ཟེར། ཡིན་ན་ཡང་། ད་ལོ་ནི་དེ་ལས་ལྡོག་སྟེ་སུ་གང་ལའང་ལས་ཀ་མེད་དེ་ནང་དུ་མཉམ་འཛོམས་ངང་དགོད་སྒྲས་ཁེངས་ཏེ་འདུག་རྒྱུ་བྱུང་ཟེར། དེ་ཡང་གནས་ལུགས་ཤིག་རེད་འདུག་ཀྱང་། གནས་ཚུལ་འདིའི་ཁྲོད་ནས་ང་ལ་མཚོན་ན་མི་ཟེར་བ་དེས་སྒོར་མོ་ཟེར་བ་དེའི་ཆེད་དུ་ཁྱིམ་གྱི་དགོད་སྒྲ། མཛའ་མཐུན་མཉམ་འཛོམས་ཀྱི་བདེ་སྐྱིད། ཕུ་ནུ་ལྷན་འཛོམས་ཀྱི་འཛུམ་མདངས་སོགས་ཡོད་ཚད་བློས་བཏང་སྟེ། སྒོར་མོའི་ཆེད་དུ་བདེ་སྐྱིད་ཅེས་པ་དེ་བློས་གཏོང་བཞིན་འདུག་བསམ་པའི་མྱོང་ཚོར་བྱུང་། དེ་ཡང་ཕྱི་ལོ་ ༢༠༢༠ ཡིས་ང་ལ་གནང་བའི་བློ་བསྐྱེད་ཅིག་ཡིན་བསམ། 

       མི་ལ་ལས་ཟེར་ན། ལོ་འདི་ནི་ཧ་ཅང་གི་ལོ་ངན་ཞིག་ཡིན་ཟེར། གང་ལགས་ཞུས་པའི་ལན་དུ། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད། མི་མང་དཀྱུས་མའི་དཀའ་སྡུག ཉམས་ཐག་རྣམས་ལ་ཟས་ཉལ་གྱི་དཀའ་ངལ་སོགས་ཧ་ཅང་འཕྲད་བྱུང་བས་ལོ་ངན་ཞིག་ཡིན་ཟེར། དེ་ཡང་གནས་ལུགས་མེད་པ་ཞིག་གང་ལ་ཡིན། ཡིན་ན་ཡང་། སྐད་ཆ་འདིའི་ཁུག་སོ་རེ་རེ་ནས་ང་ལ་མཚོན་ན། ན་ཟུག་འགོག་མེད་ཅིག་སྐྱེས་བྱུང་། མི་མང་དཀྱུས་མ་དང་ཉམས་ཐག་རྣམས་ནི་དུས་ཀུན་ཏུ་ཡར་རྒྱས་ཀྱི་རྣམ་པ་དབེན་ཞིང་། ཧ་ཅང་གི་ཉམས་ཆུང་བ། ནུས་སྟོབས་ཞེན་པ་ཞིག་རེད་འདུག་པས། འདི་དག་ལ་རོགས་བྱེད་མཁན་ཚོ་ནི་བཀའ་དྲིན་ཅན་གྱི་ས་སྒང་གི་དེད་དཔོན་རེད་འདུག་སྙམ་བྱུང་། དེ་ཡང་ཕྱི་ལོ་ ༢༠༢༠ ཡིས་ང་ལ་གནང་བའི་བློ་བསྐྱེད་ཅིག་ཡིན་བསམ།

       མདོར་བསྡུས་ཏེ་བཤད་ན། ང་ལ་མཚོན་ན་ཕྱི་ལོ་ ༢༠༢༠ འདི་ཧ་ཅང་གི་ལོ་བཟང་ཞིག་ཡིན། དེ་ཡང་ནམ་རྒྱུན་བཀླག་མ་ཐུབ་པའི་དཔེ་དེབ་བཅོ་བརྒྱད་ཙམ་བཀླག་རྒྱུ་བྱུང་ལ། དེ་བཞིན་རྒྱལ་རབས་ལོ་རྒྱུས་སོགས་ཧ་ཅང་གི་གལ་ཆེན་འགའ་སྦྱོང་རྒྱུའི་གོ་སྐབས་བྱུང་། དཔེ་ཆ་ཡང་ནམ་རྒྱུན་ལས་མང་བ་བལྟས་མེད་ན་ཡང་། ནམ་རྒྱུན་ལས་ཉུང་བ་བལྟས་མེད། མ་ཟད། བདུན་ཕྲག་རེ་རེའི་ནང་དུ་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་རྒྱ་གཞུང་གི་འགྲེལ་ཆེན་འགྲེལ་བ་དོན་གསལ་ཆད་མེད་ཚར་རེ་འདོན་ཐུབ་སོང་ལ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དེ་ཉིད་བདུན་ཕྲག་རེའི་ནང་དུ་ཚར་རེ་ཆད་མེད་འདོན་ཐུབ་སོང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་གྲུབ་དོན་ས་གསུམ་གྱི་རྩ་བ་ཆ་ཚང་བློ་ལ་འཛིན་ཐུབ་བྱུང་། དེ་བཞིན་སྐབས་དང་པོའི་སྤྱི་དོན་དབུ་ནས་ཤོག་གྲངས་སུམ་ཅུ་བློ་འཛིན་བྱས་ལ། དགེ་བའི་བཤེས་གཉེན་ཆེན་པོ་རྒན་འཇམ་དཔལ་བློ་ཤེས་ཀྱི་ས་ལམ་དཔེ་ཁྲིད་ཆ་ཚང་དང་། གྲུབ་མཐའི་དཔེ་ཁྲིད་ཆ་ཚང་ཉན་ཐུབ་བྱུང་། དགེ་བའི་བཤེས་གཉེན་ཆེན་པོ་རྒན་འཆི་མེད་ཚེ་རིང་མཆོག་ནས་དོན་བདུན་ཅུའི་དཔེ་ཁྲིད་དང་། ས་ལམ་གྱི་དཔེ་ཁྲིད་ཆ་ཚང་། གྲུབ་མཐའི་ནང་ནས་བྱེད་མདོ་གཉིས་བཅས་ཆ་ཚང་དཔེ་ཁྲིད་ཞུ་ཐུབ་སོང་། དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཐོགས་མེད་སར་ནས་དོན་བདུན་ཅུའི་དཔེ་ཁྲིད་ཆ་ཚང་དང་། གྲུབ་མཐའི་ནང་ནས་བྱེ་མདོ་གཉིས་བཅས་ཆ་ཚང་དཔེ་ཁྲིད་ཞུ་ཐུབ་སོང་། ད་རུང་རྗེ་བཙུན་གྱི་གྲུབ་མཐའ་དང་འབྲེལ། གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། གྲུབ་མཐའ་ཀུན་ཤེས། གྲུབ་མཐའ་ཆེན་མོ། གྲུབ་མཐའ་རིན་ཆེན་ཕྲེང་བ། ཐུའུ་ཀྭན་གྲུབ་མཐའ་བཅས་དཔེ་ཆ་མང་པོ་བལྟ་རྒྱུ་བྱུང་། རྗེ་བཙུན་གྱི་ས་ལམ་དང་འབྲེལ་སྔ་འགྱུར་བའི་དཔེ་ཆ་མང་པོ་བལྟ་རྒྱུ་བྱུང་། རྗེ་བཙུན་གྱི་དོན་བདུན་ཅུ་དང་འབྲེལ་རྗེ་བཙུན་གྱི་ཕར་ཕྱིན་སྐབས་དང་པོ་དང་གཉིས་པའི་སྤྱི་དོན། ཟུར་བཀོལ་གསུམ་གྱི་མཐའ་སྤྱོད་དང་། སྐབས་གཉིས་པའི་མཐའ་སྤྱོད་སོགས་ཀྱང་ཐེངས་མང་བལྟ་རྒྱུ་བྱུང་། མ་ཟད། ཡོངས་འཛིན་རིན་པོ་ཆེའི་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་གཙོ་བོར་གྱུར་པའི་གསེར་བསྡུས་གྲྭ། ར་སྟོད་བསྡུས་གྲྭ། བློ་རིགས་རྟགས་རིགས་བཅས་པ་ཆ་ཚང་བ་ཞིག་བསྐྱར་ཀློག་བྱེད་རྒྱུའི་གོ་སྐབས་བྱུང་། མ་ཟད། མཛོད་རྩ་བ། རྣམ་འགྲེལ་རྩ་བ། སྤྱོད་འཇུག་ཆེན་མོ། མངོན་རྟོགས་རྒྱན། དབུ་མ་འཇུག་པ། འགྲེལ་བ་དོན་གསལ་བཅས་སྔར་བཟུང་ཟིན་པ་དག་བསྐྱར་བཟུང་དང་བསྐྱར་སྐྱོར་ཧ་ཅང་མང་པོ་བྱེད་རྒྱུ་བྱུང་།  མདོར་བསྡུས་ནས་བཤད་ན། ད་ལོ་འདི་ང་ལ་མཚོན་ན་སྔོན་དང་མི་འདྲ་བའི་ལོ་བཟང་ཞིག་ཏུ་གྱུར་སོང་བས་སེམས་པ་དགའ་བཞིན་སྤྲོ་བའི་ཁེངས་ཏེ། རྩོམ་ཡིག་གམ་ཟིན་ཐོ་འདི་འབྲི་བཞིན་ཡོད། མ་ཟད། ལོ་འདིའི་ནང་དུ་སློབ་སྦྱོང་བྱས་པའི་དགེ་རྩ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང་། འཇིག་རྟེན་འདིར་ཞི་བདེས་ཁེངས་ཤིང་། འགྲོ་རྣམས་བདེ་དགེའི་དཔལ་ལ་སྤྱོད་ཐུབ་པའི་སྨོན་འདུན་དང་། མ་འོངས་ཀྱི་ལོ་ཟླ་དེ་ཡང་ད་ལོ་ལས་མང་བའི་སློབ་སྦྱོང་བྱེད་ཐུབ་པའི་སྨོན་འདུན་གྲངས་མེད་དང་བཅས། 

       རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་ནས་སྡེ་དགེ་སྐལ་བཟང་དུ་འབོད་པས་ཕྱི་ལོ་ ༢༠༢༠ ལོ་རྫོགས་ལ་ཉེ་བའི་མཚན་མོར་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་བྲིས་པ་དགེའོ།།

ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།