རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 28 January 2021

སྐུ་གདུང་མཆོད་རྟེན་ཆེན་མོ་དང་། དེའི་བྱིན་རླབས།

རྨ་འབྲོག་འཁྱམས། སྔ་འགྱུར་མཐོ་སློབ་ཆེན་མོ།


དད་པའི་ལུང་དང་ཡུ་བ།།
གཟུང་ས་འཇུ་ས་ཡོད་ན།།
བླ་མ་དམ་པའི་གམ་དུ།།
ད་ལྟ་ཉིད་རང་ཡོད་རེད།།

ཡིད་ཆེས་དར་ཐག་ནར་མོ།།
སྲ་ཞིང་བརྟན་པ་ཡིན་ན།།
དག་ཞིང་གཞན་ན་མེད་དེ།།
རང་སེམས་གཞལ་ཡས་ཁང་རེད།།

འཇིག་རྟེན་སྣང་བ་ནག་ནོག།
ཞེན་པ་སྡོམ་ཐག་བསླས་མ།།
སེམས་པས་བྱས་པ་ཟེར་ན།།
སྣང་བ་འགྲོ་ཤོས་ཡིན་རེད།།

འོད་མདངས་རི་མོ་ཅན་གྱི།།
སྐུ་གདུང་མཆོད་རྟེན་ཆེན་མོ།།
བག་དྲོད་ལྷང་ངེ་འདི་ཡང་།།
བླ་མའི་བྱིན་རླབས་ཡིན་རེད།།

སེར་དང་རིན་ཆེན་རིགས་ལ།།
སྣང་བ་ཕྱིན་སོང་མ་རེད།།
དགའ་དད་རྣོ་སོའི་ཁ་ལ།།
ཞེ་སྣེ་ཐོགས་སོང་ཡིན་རེད།།

བརྐོས་པའི་འབུར་དོད་རེ་ན།།
གཟི་འོད་འཇའ་ཚོན་འཕྲོས་པ།།
རྒྱ་ཆ་ཡག་སོང་མ་རེད།།
ཟོལ་མེད་དམ་ཚིག་བརྡ་རེད།།

ཡང་དང་སྐྱར་དུ་ལྟོས་དང་།།
ཁྲ་ཁྲ་ཟིང་ཟིང་མ་རེད།།
སེམས་པའི་གཏིང་མ་ཞིག་ནས།།
དྲོད་དང་རླན་ཞིག་སྦྱིན་རེད།།

༢༨།༠༡།༢༠༢༡

ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།