རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 28 January 2021

ནོར་བུ།

གླིང་ཚང་ཕྲིན་ལས་མཐར་ཕྱིན། རྣམ་གྲོལ་གླིང་།


བྲེལ་འཚུབ་ངང་ནས་རྒྱུག་ཅིང་འདུར་བ་ཡི།།
དྲི་བཞོན་རླུང་གི་སྐད་གསང་མཐོན་པོ་ཡིས།།
འཇིག་རྟེན་འདི་ན་ནོར་བུས་ཁེངས་སོ་ཞེས།།
ཚལ་གྱི་མཛེས་པ་མཐའ་དག་བསྒུལ་བར་བྱས།།

གཤོག་པ་ལྷབ་ལྷུབ་གཡོ་བའི་འདབ་ཆགས་རྣམས།།
སུ་དང་གང་གིས་མགྱོགས་པའི་འགྲན་རྩོད་ཁྲོད།།
གཅིག་རྗེས་གཉིས་མཐུད་འཕུར་བའི་སྟར་ཕྲེང་གིས།།
ནོར་བུས་ཁེངས་པའི་རྒྱལ་ཁམས་ལྟ་བར་ཕྱིན།།

ཆུ་བོ་མར་འབབ་ཁྲོད་ཀྱི་རྦ་རླབས་ཀྱང་།།
བར་སྣང་དབྱིངས་སུ་ལྡིང་སྐོར་ལན་གསུམ་གྱིས།།
ཕྱིར་མིག་བལྟས་ཏེ་གཙང་པོར་གཏམ་ཞིག་བཤད།།
ཆུ་ཆེན་གྱེན་དུ་རྒྱུ་བར་སྐུལ་མ་བྱས།།

ཞལ་ཁ་བཞད་པའི་མེ་ཏོག་རྡོག་པོ་འགས།།
ལམ་ཟུར་དེ་ནས་ཅི་ཞིག་བསྒུགས་པ་ལྟར།།
སྐེ་སོ་བྱས་ནས་ཡང་ཡང་ལྟ་བ་ཡང་།།
ནོར་བུའི་འོད་མདངས་མིག་ལ་ཕོག་པ་རེད།།

བེ་ཏའི་ལྗོན་པ་མགོ་བོ་བསྒུར་ལུགས་དང་།།
བསང་དུད་སྔོན་མོས་དགུང་དུ་བཏེགས་ལུགས་དེས།།
ནོར་བུ་གང་ཞིག་གནས་འདིར་མཆིས་པ་འམ།།
གཟི་བྱིན་ཅི་ཞིག་དེ་ནས་འཕྲོ་བས་སོ།།

༢༠༢༠/༠༡/༢༩ ཉིན།


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་ལས་བླངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།