རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 6 January 2021

རྐྱེན་ངན་གྲོགས་ཤར་གྱི་ལོ།

རྩོམ་པ་པོ། ཨ་ཁུ་སྟོན་པ།
࿑ བྱམས་བརྩེའི་བདག་ཉིད་སྟོན་མཆོག་ཐུབ་པའི་དབང་།། 
འགྲན་གྱི་ཟླ་མེད་ཨོ་རྒྱན་སྤྲུལ་པའི་སྐུ།།
བསྟན་འགྲོའི་དཔལ་མགོན་རྒྱ་བོད་མཁས་སྒྲུབ་རྣམས།།
དབྱེར་མེད་རྗེ་བཙུན་བླ་མས་དགེ་ལེགས་སྩོལ།།

ཕྱི་ལོ་ ༢༠༢༠ འདི་ནི་ང་མཚོན་ན་བཀྲ་ཤིས་པའི་ལོ། དོན་གྲུབ་པའི་ལོ། བློ་ཆོས་དང་མཐུན་པའི་ལོ་ཡིན། 

       དེ་ཡང་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༢ པའི་དཀྱིལ་ཙམ་ནས་ནད་ཡམས་ཁོ་རོ་ན་ཁྱབ་པའི་རྗེས་སུ། འཛམ་གླིང་གང་སར་ཟ་ཁང་དང་ཤ་ཁང་སོགས་ཟླ་བ་མང་པོའི་རིང་སྒོ་རྒྱབ་ནས། སེམས་ཅན་དུད་འགྲོ་དུང་ཕྱུར་མང་པོའི་ཚེ་རིང་བར་འགྱུར་བས་ན་བཀྲ་ཤིས་ཚེ་རིང་གི་ལོ་ཞེས་འདོད་དོ། དེ་ཡང་གསལ་ཙམ་བརྗོད་ན། འཛམ་གླིང་འདིར་ཉིན་ལྟར་ཆ་མཉམ་བྱ་ཉ་འབུ་དང་དུད་འགྲོ་སོགས་དུང་ཕྱུར་གསུམ་ཙམ་དམར་གསོད་གཏོང་བཞིན་ཡོད་པ་དང་། དེ་ཉིད་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལ་བསྒྱུར་ན། ལོ་གཅིག་གི་ནང་དུ་དུད་འགྲོ་སེམས་ཅན་དུང་ཕྱུར་ (༡༠༩༥) ཆིག་སྟོང་བརྒྱ་མེད་གོ་ལྔ་ཐམ་པ། ལས་ངན་མི་ཚོས་དམར་གསོད་གཏོང་གི་ཡོད་པ་ནི་འཛམ་གླིང་སྲོག་ཆགས་སྲུང་སྐྱོབ་སྡེ་ཚན་གྱི་གསལ་བརྗོད་བྱས་པའོ། དེ་ལྟར་ལས་ཕྱི་ལོ་ ༢༠༢༠ ཡི་ནང་དུ་འཛམ་གླིང་གང་སར་ཟླ་བ་མང་པོའི་རིང་ཛ་དྲག་གི་བཀག་རྒྱ་བྱས་པའི་རྐྱེན་གྱིས། ཤ་ཚོང་འགྲོ་ཆེ་སའི་ཟ་ཁང་རྣམས་སྒོ་རྒྱབ་པའི་རྐྱེན་གྱིས་དམར་གསོད་གཏོང་བའི་གྲངས་ཚད་བརྒྱ་ཆ་ ༤༧% ཙམ་མར་ཆག་འདུག་ཟེར་གདའ། དེས་ན་ཕྱི་ལོ་ ༢༠༢༠ ཡི་ལོ་ལ་དུད་འགྲོ་སེམས་ཅན་དུང་ཕྱུར་ལྔ་བརྒྱ་བཅུ་བཞི་དང་ས་ཡ་དྲུག་ཅུ་རེ་ལྔ་ (༥༡,༤༦,༥༠,༠༠,༠༠༠) ཙམ་ཚེ་སྲོག་དམར་གསོད་གཏོང་བ་ལས་ཐར་བ་རེད། རྒྱུ་མཚན་དེའི་ཕྱིར་ན་"བཀྲ་ཤིས་པའི་ལོ་"ངོ་མ་ཡིན། 

       "དོན་གྲུབ་པའི་ལོ་"ཡང་ཡིན་ཏེ། གུས་པས་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་རིང་ལ་རང་ལས་གཞན་གཅེས་པའི་བྱ་བ་བྱས་ཏེ། གཞན་གྱི་ཚེ་སྲོག་སྐྱོབ་པའི་ཐབས་དཀར་ཟས་སྔོ་ཚལ་མཁོ་སྤྲོད་ཀྱི་བྱ་བ་ལ་རབ་ཏུ་བརྩོན་ཞིང་། འཆར་ཅན་གྱི་གུང་སེང་མ་གཏོགས་ལོ་གང་པོར་རང་གི་ཚེ་སྲོག་འཇིག་པ་ལ་ཉམ་ང་སྐད་ཅིག་ཙམ་ཡང་སེམས་ལ་མ་བཅངས་ཤིང་། ལྷག་བསམ་རྣམ་པར་དག་པས་རང་ནུས་གང་ཡོད་ཀྱིས་ཁ་དོན་མཚུངས་པའི་བྱ་བ་བྱས་སོ། དེ་བཞིན་དུ་ཉིན་ལྟར་བྱ་བས་ཇི་ཙམ་བྲེལ་རུང་། ཉིན་ལྟར་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། བདག་གཞན་བརྗེ་བའི་ཏིང་འཛིན་གྱི་ཉམས་ལེན་གང་ཐུབ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསུངས་པའི་«ནད་གྲོལ་མའི་སྨོན་ལམ་» ཚིག་རྗེས་དོན་དྲན་གྱིས་ཉིན་ལྟར་ཆག་མེད་ཉམས་སུ་བླངས་ཤིང་། ལས་ངན་པའི་འགྲོ་བ་མི་རྣམས་དང་ཁྱད་པར་ཉམ་ཐག་པའི་དུད་འགྲོ་རྣམས་ལ་བསྔོ་སྨོན་གང་ཟབ་བྱས་སོ། དེ་བཞིན་ཇི་སྐད་དུ། ལྡན་གྲོལ་གཉིས་མེད་དཀོར་ལ་རང་དགར་སྤྱོད། །ཅེས་གསུངས་པ་ལྟར། སྐྱ་མིན་སེར་མིན་ཤི་གསོན་དཀོར་ལ་ཟ་རློམ་དང་འཆའ་རློམ་མ་ཡིན་པར་དམན་ས་བཟུང་ནས་རང་ཁ་རང་གིས་གསོས་ཤིང་། མ་དག་ལོག་པའི་འཚོ་བ་རབ་ཏུ་སྤངས་ནས་ཡང་དག་པའི་འཚོ་བ་རོལ་བ་ཡིན། དེར་མ་ཟད་ལན་ལ་རེ་བ་མེད་པའི་སྦྱིན་པ་ཡང་ཅུང་ཟད་བཏང་ལ། ཇི་སྐད་དུ། ཞིང་དང་དུས་འདིར་རིན་ཆེན་རྣམས་གསུམ་གྱི། །སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །ཅེས་གསུངས་པའི་དོན་རྗེས་སུ་དྲན་ཞིང་དམིགས་པ་མེད་པའི་ཐོག་ནས། དགེ་འདུན་དག་ལའང་བསྙེན་བཀུར་ཅུང་ཟད་བྱེད་ནུས་པའི་སྐལ་བཟང་དག་ལ་བསམ་ཚེ་"དོན་གྲུབ་པའི་ལོ་"ཡིན་ནོ།།

       "བློ་ཆོས་དང་མཐུན་པའི་ལོ་"ཡང་ཡིན་ཏེ། ནད་ཡམས་ཁོ་རོ་ན་དྲིན་ཆེན་ཁོང་གིས། ཉིན་ལྟར་བདག་ལ་ནམ་འཆི་ཆ་མེད་དང་འཆི་རྐྱེན་ངེས་མེད་ཀྱི་ལྕག་ཚན་སེམས་ལ་རྒྱབ་ནས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ཞིང་བདག་མེད་པའི་དོན་སེམས་ལ་ལྷང་ལྷང་དྲན་པར་བྱས་སོ། དེ་ལྟ་བུའི་དོན་མ་རྟོགས་པའི་འགྲོ་བ་མི་ཤི་འདོད་མེད་མཁན། ན་འདོད་མེད་མཁན། ཤི་ཡོང་། ན་ཡོང་བསམ་ཞིང་དངངས་སྐྲག་དང་འཇིགས་སྣང་གིས་སེམས་ནད་ཕོག་དང་ཕོག་བཞིན་པ་རྣམས་ལ་བྱམས་སྙིང་རྗེ་གང་ཐུབ་སྒོམ་པའི་སྐལ་བཟང་ཤར། དེ་བཞིན་དུ་འབྱུང་བཞི་འདུས་པའི་ཕུང་པོ་ཤ་ཁྲག་རུས་གསུམ་གྱི་སེང་ན་རྩ་ཐིག་རླུང་གསུམ་གྱི་ནུས་པ་མ་ཉམས་པ་དེའི་ཚེ། དེའི་དུས་སུ་སེམས་ཉིད་རང་ངོ་མ་འཁྲུལ་བར་ཆོས་ཉིད་དྲན་པའི་ངང་རྒྱུན་སྐྱོང་དགོས་པ་གལ་ཆེན་ནང་ནས་དོན་ཆེན་ཡིན་པ་ལས། རྟགས་དང་ཆ་ལུགས་ཀྱི་ཟློས་གར། རང་མགོ་རང་གིས་བསྐོར་བའི་ལས་ངན། མདོ་སྔགས་ཀྱི་དོན་མི་ཤེས་ཤིང་། སྡོམ་པ་དང་དམ་ཚིག་གི་སྲུང་མཚམས་གང་ཡིན་ཙམ་ཡང་མི་ཤེས་པའི་སྐྱ་མིན་སེར་མིན། ལྟོ་གོས་ཀྱི་ཆེད་དུ་རས་གོས་དམར་སེར་ལུས་ལ་འཆང་བ་དག་ལ་སྙིང་རྗེ་བཟོད་པར་དཀའ་བ་སྐྱེ་བར་འགྱུར་རོ། །
       
       དེའི་ཕྱིར་ན་ཕྱི་ལོ་ ༢༠༢༠ འདི་ནི་རྐྱེན་ངན་གྲོགས་སུ་ཤར། ལྟས་ངན་གཡང་དུ་འཁུགས་པའོ། དེ་ཡང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཞལ་མངའ་ནས། རྐྱེན་ངན་ཡུལ་དང་རིག་པ་འཕྲད་པའི་ཚེ། །ཉམས་ལེན་སྐྱོང་བའི་དུས་ཡིན་རྩལ་སྦྱོང་དགོས། ཞེས་དང་། སྐྱོ་བས་ཡིད་དབྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བས་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་སྦྱོང་མི་སྒྱུར་མི་ལེན་ཞིང་། །མི་ལྟ་མི་སྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་བསམ་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཅེས་ཇི་ལྟར་སྲིད་གསུམ་འཁྲུལ་སྣང་སྐད་གཅིག་ལ་འཇོམས་པའི་སྨན་མཆོག་འདི་ཉིད་ལོངས་སུ་སྤྱོད་ནུས་པའི་སྐལ་བཟང་ཁོ་བོ་དང་སྐལ་བ་མཉམ་པ་འདྲ་ཡོད་ན་ཐང་། ཧ་ཧ། 

མཐུན་སྣང་ལྟར་དུ་རྒྱུ་འབྲས་གཅེས་པར་སྲུངས།།
མཐུན་མིན་རང་ཉམས་བདེ་ཆེན་རོལ་པའི་ངང་།།
བླ་མེད་རྩོལ་སྒྲུབ་བྲལ་བའི་གནས་ལུགས་ལ།།
ཡེ་དག་གདོད་མའི་དབྱིངས་སུ་ལྷུན་གྱིས་གྲུབ། 

མཐུན་ན་བསྟོད་པའི་ཅ་ཅོ་ཅིར་ཡང་སྒྲོག།
རང་སྣང་འགལ་ཚེ་སྒྲོ་བཀུར་ཆར་ལྟར་འབེབས།།
མི་བརྟན་དགྲ་གཉེན་འཁོར་གྱི་འདུ་བ་ཡི།།
བྱ་སྤྱོད་ཐམས་ཅད་མཐོང་ཚེ་དགོད་རེ་ཤོར།།

སྐབས་འགར་ཨ་ཁུ་ཆོས་པ་བཟང་ངོ་ཟེར།།
སྐབས་རེ་ཨ་ཞང་གྲྭ་བ་ལོག་སོང་ལོ།།
སྐབས་སུ་ཨ་ཅོའི་བྱེད་སྟངས་ནོར་ཞེས་གྲག།
ཕ་ཡུལ་ཉེ་འཁོར་ཚོགས་ལ་དགོད་རེ་ཤོར།།

སྐྱོ་བའི་དུས་སུ་ཀུན་གྱིས་མཐོང་བར་དཀའ།།
ཅུང་ཟད་གྲགས་པ་འབར་ཚེ་ངོ་དགའ་བྱེད།།
རྟུལ་ཤུགས་སྤྱོད་པ་རང་བློར་མ་བབས་ན།།
ལས་ངན་མི་དགེའི་ཅ་ཅོ་ཀུན་ཏུ་སྒྲོག།

པདྨའི་རྗེས་འཇུག་པདྨའི་སྦུབས་གཙང་བཞིན།།
པདྨ་ནོར་བུས་བྱི་དོར་ལེགས་པར་གནང་།།
པདྨ་རིང་ལུགས་མ་ལུས་ཐོས་བསམ་བྱས།།
པདྨའི་གཤིས་ལ་འདམ་གྱིས་འགོས་པ་མེད།། 

       ཅེས་ ༢༠༢༠།༡༢།༣༡ ཉིན་མཐར་ཤཱཀྱའི་དགེ་གཉེན་ཐུབ་བསྟན་ཡེ་ཤེས་ཀྱིས་ནུབ་ཧྥ་རན་སིའི་རྒྱལ་སར་ཕྱི་ལོ་གསར་བཞད་ཀྱི་དགའ་སྟོན་ལ་བཀོད་པའོ།།

ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།