མི་འགྱུར་བདེ་བ་ཆེན་པོའི་དབྱིངས་ཉིད་ལས།།
སྒྱུ་འཕྲུལ་རྡོ་རྗེའི་གར་ལ་དབང་མཛད་ཅིང་།།
ཆེ་དགུ་ཟིལ་གྱིས་གནོན་པའི་གཟི་བྱིན་ཅན།།
མི་ཤིགས་རྡོ་རྗེའི་ཁམས་སུ་རྟག་བརྟན་གསོལ།།
༄། །སྭ་སྟི།
བསླབ་གསུམ་གངས་རིའི་སྤོ་ན་གནས་བཅས་ཤིང་།།
འཆད་རྩོམ་གཡུ་རལ་སྟུག་པོས་གཉའ་བ་ཁེབས།།
གཞན་ཕན་བསྡུ་བཞིའི་སྡེར་ཕྲེང་མཁར་རྐྱོང་བའི།།
གྲུབ་དབང་སེང་ཆེན་སླར་འགྱིང་ངོ་མཚར་ལྟོས།།
------› སློབ་དཔོན་ཨོ་རྒྱན་ཚེ་རིང་།
གྲུབ་བརྒྱའི་མེས་པོ་པདྨ་ཎི་ཡི།།
ཡང་སྤྲུལ་གར་དབང་ཟིལ་གནོན་རྡོ་རྗེ་མཆོག།
དོན་གཉིས་མཐར་ཕྱིན་ཕྲིན་ལས་མི་འཛད་པ།།
ནམ་མཁའི་ཁམས་བཞིན་རྟག་ཁྱབ་ལྷུན་གྲུབ་ཤོག།
------› བསྟན་འཛིན་རྣལ་འབྱོར།
འཇིག་རྟེན་ལས་དབང་སྲིད་པའི་གྲོང་གསེབ་ན།
གོམ་ཁ་འཁྱར་མ་འཁྱོར་གྱི་ངལ་སྟེགས་སུ།།
ངལ་གསོའི་དབུགས་དབྱུང་སྲིད་པ་ཟློག་བྱེད་པའི།།
ཐབས་ཚུལ་ལམ་སྟོན་བཤེས་གཉེན་ཆེན་མོར་འདུད།།
------› དྲང་སྲོང་རྒན་པོ།
ཆོས་དད་ཅན་གྱི་དད་པའི་མེ་ཏོག་ཅིག།
ཁ་བ་ཅན་གྱི་མཚོ་རུ་མངོན་པར་བཞད།།
རྨོངས་པའི་ཚ་བས་ཡུན་རིང་མནར་རྣམས་ལ།།
བརྩེ་བའི་འདབ་སྟོང་ལེགས་པར་བརྐྱངས་སྟེ་སྐྱོབས།།
------› སློབ་དཔོན་བཀྲས་ཆོས།
ཡང་སྤྲུལ་ལྷ་སྲས་གཞོན་ནུའི་འཁྲུངས་སྐར་ཉིན།།
མི་ཕྱེད་དད་པས་ཡིད་ཀྱིས་ཡང་ཡང་བསུ།།
གང་གི་མཛད་འཕྲིན་ཕྱོགས་མཐར་རྒྱས་པ་དང་།།
སྐུ་ཚེ་མི་ཤིགས་སྐལ་བརྒྱར་བརྟན་འགྱུར་ཅིག།
------› སློབ་དཔོན་སངས་རྒྱས་རྡོ་རྗེ་འབྲུག་པ།
འདྲ་འདྲའི་ནང་གི་མི་འདྲས་བྱོན་སྟངས་དང་།།
འདྲ་འདྲའི་ནང་ནས་མི་འདྲའི་གཟི་བརྗིད་ལ།།
འདྲ་འདྲའི་ནང་ནས་མི་འདྲའི་དད་པས་གཡོ།།
འདྲ་འདྲའི་ནང་གི་མི་འདྲ་གཅིག་པུར་འདུད།།
------› སྐྱོར་དཔོན་པདྨ་རྒྱལ་མཚན།
མགོ་ནག་བྱིས་པ་ཁྲི་མ་འབུམ་གྱི་མགོན།།
གྲུབ་ཐོབ་རིག་འཛིན་བརྒྱུད་པའི་གཅེས་ཕྲུག་དངོས།།
སྔ་དར་བསྟན་པའི་གསེར་གྱི་ཀ་ཆེན་ཉིད།།
མི་ཤིགས་མི་འགྱུར་མི་གཡོ་རྟག་བརྟན་ཤོག།
-----› སྐྱོར་དཔོན་འཇིགས་མེད་ཕྲིན་ལས།
མཚན་དཔེའི་ཉི་གཞོན་གངས་ཅན་ལྗོངས་སུ་བཞད་ཅིང་།།
སྙན་གྲགས་འོད་སྟོང་འཛམ་གླིང་ཡོངས་ལ་ཁྱབ་ཀྱང་།།
སྐལ་ལྡན་སྙིང་གི་དཀྱིལ་ནས་འདུ་འབྲལ་མེད་པའི།།
སྐྱབས་གཅིག་གྲུབ་དབང་བླ་མ་སྙིང་ནས་དྲན་བྱུང་།།
------› སྤྲུལ་སྐུ་བཤད་སྒྲུབ་འཁྱམས་པོས།
རིན་ཆེན་འབུམ་གྱིས་བསླས་པའི་མེ་ཏོག་ཅིག།
ཀུན་ཀྱི་མིག་ངོར་མཛའ་བའི་དཔའ་བོ་ཞིག།
དད་པས་མིག་ཆུ་གཡོ་སའི་བླ་ཆེན་ཞིག།
དེ་རིང་དགུང་ལོ་དགུ་ལ་བཞད་བྱུང་བའི།།
བཀྲ་ཤིས་འཁྲུངས་སྐར་བསུའོ་བསུ་འོས་སོ།།
------› གློ་བོ་ལྷུན་གྲུབ།
པཎ་ཆེན་བི་མ་ལ་ཡི་ཡེ་ཤེས་སྐུ།།
སྙིགས་འགྲོའི་མགོན་གྱི་དམ་པར་ཡོངས་ཤར་བ།།
སྐྱབས་རྗེ་བླ་མ་གྲུབ་པའི་དབང་ཕྱུག་གི།
རྣམ་འཕྲུལ་མཆོག་གི་སྤྲུལ་སྐུའི་འཁྲུངས་སྐར་བསུ།།
------› སྤྲུལ་བསྟན་པའི་རྒྱལ་མཚན།
«བསུ་མ་ཉེར་གཅིག་མ།»
སྔོན་ཚེ་འཕགས་པའི་ཡུལ་དུ་པཎ་གྲུབ་བྱེ་བའི་གཙུག་ནས་མཛེས་ཚེ་བི་མ་མི་ཏྲའི་ཅོད་པན་འཆང་།།
བསིལ་ལྡན་ལྗོངས་སུ་མཁས་དང་གྲུབ་པའི་འཚང་རྡོལ་ཚེ་ན་གྲུབ་པའི་དབང་ཕྱུག་པདྨ་མ་ཎིའི་མཚན།།
སྙིགས་དུས་འདི་ན་མ་ཧ་གུ་རུའི་རྒྱལ་ཚབ་མཛད་ཚེ་ཤཱཀྱའི་དགེ་སློང་ཆོས་ཀྱི་སྒྲ་དབྱངས་ཞེས།།
མཁན་སློབ་ཆོས་གསུམ་རིང་ལུགས་སྐྱོང་ལ་འགྲན་བྲལ་གང་དེའི་ཡང་སྲིད་མཆོག་གི་འཁྲུངས་སྐར་བསུ།།
------› སྣང་རྩེ་ཚེ་དབང་ནོར་བུ།
མི་འཇིག་རྟག་པ་ཆེན་པོའི་ངོ་བོ་ཉིད།།
དོན་གཉིས་ལྷུན་གྱིས་གྲུབ་པའི་བདག་ཉིད་གང་།།
སྒྱུ་མའི་ཕ་དང་སྨིག་རྒྱུའི་མར་བརྟེན་ཏེ།།
སྤྲུལ་སྐུ་པད་ནོར་བལྟམས་པའི་འཁྲུངས་སྐར་བསུ།།
------› མུ་གུམ་ཀརྨ་ཆོས་འཕེལ།
རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཕུང་པོ་ཉིད།།
སྐྱེ་འཆི་འགྱུར་མེད་རྡོ་རྗེའི་ལང་ཚོ་ཅན།།
རིག་འཛིན་པདྨ་ཀཱ་རའི་སྒྱུ་འཕྲུལ་གར།།
གྲུབ་དབང་བླ་མའི་ཡང་སྲིད་གཙུག་ན་མཛེས།།
------› བསོད་ནམས་འོད་ཟེར།
མུན་པའི་དམག་རུམ་གསེབ་ནས།།
བྱམས་བརྩེའི་འོད་མདངས་ལྷན་དུ།།
སྙིང་རྗེའི་གཟི་འོད་འཕྲོས་པས།།
འགྲོ་བའི་མུན་པ་སེལ་སོང་།།
-----› བླ་མ་ཤེས་རབ་རྒྱལ་མཚན།
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-༸སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་ལྔ་པ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།