༈ དཔལ་གསང་ཆེན་སྔ་འགྱུར་རྙིང་མ་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་ཆེན་པོ་༸སྐྱབས་རྗེ་གྱང་ཁང་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པའི་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་རྗེས་དྲན་སྙན་ངག་ཕྱོགས་བསྒྲིགས།
_______________________
སྐྱོ་གླུ་མིག་ཆུའི་ཕྲེང་བ།
གནས་ངེས་མེད།
ཟང་ཐལ་གདོད་མའི་ངང་ནས་གནས་ལུགས་ཀྱི་རང་གདངས།།
རང་བྱུང་རིག་པའི་ཆོས་ཉིད་གནས་ལུགས་ཀྱི་ཡེ་གྲོལ།།
སྐྱེ་མེད་ཀ་དག་ཆོས་དབྱིངས་དྭངས་གསལ་གྱི་མཁའ་ལས།།
འགག་མེད་ལྷུན་གྲུབ་རིག་པའི་རྟ་བདུན་གྱི་དབང་པོ།།
དབྱེར་མེད་མུན་པ་བསལ་བའི་འོད་ཟེར་གྱི་དཀྱིལ་འཁོར།།
ཉམ་ཐག་དད་འབངས་ཡོངས་ཀྱི་རྟོག་ཚོགས་ཀྱི་མུན་པ།།
ཐམས་ཅད་དྲུང་ནས་བསལ་ཕྱིར་དབང་བསྐུར་ཞིག་གནང་ནས།།
བདག་གི་མི་དགེའི་རྣམ་རྟོག་དམིགས་མེད་དུ་དེངས་བར།།
དྲིན་ཆེན་བླ་མ་ཁྱེད་ཀྱིས་ཐུགས་རྗེ་རེ་གཟིགས་ནས།།
དཀྱིལ་འཁོར་གཅིག་ཏུ་འཛོམ་པའི་སྨོན་ལམ་ཞིག་ཞུའོ།།
འགག་མེད་རང་མདངས་ཤར་བ་འོད་གསལ་གྱི་དཀྱིལ་འཁོར།།
སྟོན་འཁོར་དགོངས་པ་དབྱེར་མེད་འོད་གསལ་གྱི་བཀོད་པ།།
ལྷུན་གྲུབ་ཞི་ཁྲོའི་རྣམ་རོལ་འོད་གསལ་དུ་ཤར་བའི།།
བླ་མའི་གསུང་དང་དབྱེར་མེད་རྡོར་སེམས་དེ་མཁྱེན་ནོ།།
རིག་གདངས་ཆོས་ཉིད་མངོན་སུམ་ཨ་སྔོན་གྱི་དབྱིངས་ན།།
ཉམས་སྣང་གོང་དུ་འཕེལ་བའི་སྤྲིན་དཀར་གྱི་འདུ་འགོད།།
རིག་པ་ཚད་ལ་ཕེབས་པའི་ཆར་རྒྱུན་གྱི་བྱིན་རླབས།།
ཆོས་ཟད་བློ་འདས་ཆེན་མོའི་ས་ཞིང་གི་སྟེང་དུ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་བསྐུར་ཞིག་གནང་ནས།།
བདག་གི་མགྲིན་པའི་རྩ་མདུད་བཙན་ཐབས་སུ་གྲོལ་བའི།།
དྲིན་ཆེན་བླ་མ་ཁྱེད་ཀྱིས་ཐུགས་རྗེ་རེ་གཟིགས་ནས།།
དཀྱིལ་འཁོར་གཅིག་ཏུ་འཛོམ་པའི་སྨོན་ལམ་ཞིག་ཞུའོ།།
སྣ་ཚོགས་ཐུགས་རྗེའི་རྣམ་པ་ཅི་ཡང་དུ་བསྟན་ནས།།
གང་འདུལ་སྒྱུ་མའི་ཆོ་འཕྲུལ་ཅི་ཡང་དུ་མཛད་པར།།
སྐུ་ཚེ་གཞན་དོན་མཛད་པར་ཅི་ཡང་གི་ལྟད་མོ།།
བླ་མའི་སྐུ་དང་དབྱེར་མེད་པདྨ་འབྱུང་དེ་མཁྱེན་ནོ།།
ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་གྱི་གནས་ན།།
ལྷུན་གྲུབ་རྩ་བའི་བླ་མའི་དཀྱིལ་འཁོར་དེ་ཡང་ཤར།།
ཟུང་འཇུག་རྡོ་རྗེའི་སྐུ་ལ་སྐྱེ་འཆི་ཞིག་མེད་རུང་།།
འདུལ་བྱའི་རྟག་འཛིན་ལྡོག་ཕྱིར་ཞིང་གཞན་ལ་ཕེབས་ན།།
སྐུ་ཡི་བྱིན་རླབས་དབང་བསྐུར་འུ་ཅག་ལ་བྱིན་ནས།།
བདག་གི་ཕུང་ཁམས་སྐྱེ་མཆེད་ལྷ་སྐུ་རུ་སྨིན་པར།།
དྲིན་ཆེན་བླ་མ་ཁྱེད་ཀྱིས་ཐུགས་རྗེ་རེ་གཟིགས་ནས།།
དཀྱིལ་འཁོར་གཅིག་ཏུ་འཛོམ་པའི་སྨོན་ལམ་ཞིག་ཞུའོ།།
ཀུན་མཁྱེན་འཇིགས་མེད་གླིང་དང་སྔོན་བྱོན་གྱི་གྲུབ་བརྙེས།།
ཞལ་ནས་གཅིག་ཏུ་བརྒྱུད་པའི་ཁྲེག་ཆོད་ཀྱི་གདམ་ཟབ།།
ཞིང་འདིར་ཁྱབ་གདལ་སྤེལ་མཁན་སྙིང་ཐིག་གི་བླ་མ།།
མཚུངས་མེད་དྲིན་ཆེན་བླ་མ་དམ་པ་དེ་མཁྱེན་ནོ།།
མཁས་དང་གྲུབ་པ་ཡོངས་ཀྱི་དཀྱིལ་འཁོར་གྱི་བྱེད་པོ།།
དྲན་པས་སྙིང་གི་ཚ་གདུང་ཅིག་ཆར་དུ་སེལ་མཛད།།
མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་བདེ་ཆེན་གྱི་འཁོར་ལོར།།
ནམ་ཡང་འབྲལ་ཐབས་མེད་དོ་དགྱེས་བཞིན་དུ་བཞུགས་རོགས།།
གང་ཤར་འཛིན་པ་བྲལ་བའི་ཆོས་དབྱིངས་ཀྱི་མཁའ་ལ།།
ལྷུན་གྲུབ་སྣང་གཞིའི་ཡེ་ཤེས་བར་མེད་དུ་ཤར་ཏེ།།
འུ་ཅག་མགོན་མེད་མུན་པ་གཅིག་ཆར་དུ་བསལ་བའི།།
དྲིན་ཆེན་བླ་མ་མ་བཞུགས་གང་ཞིག་ལ་ཕེབས་སོང་།།
ལས་ཉོན་དུ་ཁའི་མནར་བའི་སྒྱུ་ལུས་ཀྱི་གཟེབ་ནས།།
འདོད་ཡོན་བག་མེད་རོལ་བའི་རང་རེ་ཡི་སེམས་ཅན།།
ཉམ་ཐག་བདག་གི་རེ་ལྟོས་ཁྱེད་རང་ལས་མེད་པས།།
ཞི་བའི་དབྱིངས་ནས་དགྱེས་པའི་སྤྱན་རས་ཀྱིས་མ་བོར།།
གཅིག་ནས་གཅིག་ཏུ་བརྒྱུད་པའི་རྣམ་རྟོག་གི་སྤྲིན་བར།།
ཡུད་ཙམ་གཉུག་མ་སེམས་ཀྱི་རང་ངོ་ཞིག་མཇལ་འདི།།
བླ་མའི་རྟོགས་པའི་སྣང་བརྙན་ཡིན་རློམ་གྱི་ངང་ནས།།
མོས་པ་ཡིད་ལ་བྱེད་ཅིང་སྨོན་ལམ་གྱིས་བསྒོམས་ན།།
རྟེན་ཅིང་འབྲེལ་འབྱུང་བདེན་མཐུ་བསླུ་མེད་དུ་ངེས་པས།།
ནམ་ཞིག་གདོས་བཅས་ལུས་ཀྱི་འཆིང་ཐག་འདི་གྲོལ་ཚེ།།
བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་ནས།།
ཆོས་དབྱིངས་གདོད་མའི་རང་ཞལ་མཇལ་བ་ཞིག་སྨོན་ནོ།།
_______________________
«དྲན་པའི་ནང་གི་གཟི་མིག་»རྗེས་དྲན།
གངས་སེང་དཀར་མོ།
དེ་རིང་འདི་ན་ལུས་ཀྱི་བ་སྤུ་གཟེངས།།
སྙན་ངག་ཆུང་ཆུང་འདིས་ཀྱང་མིག་ཆུ་ཡི།།
ཤེལ་དཀར་ཕྲེང་ཐག་ཆད་པ་ད་རེས་ཙམ།།
འཇིག་རྟེན་མུན་པས་གཡོག་ཀྱང་ཟླ་བའི་ཞུན།།
ས་དེར་ངུ་ཁག་ལེན་པའི་རུས་པ་ཅན།།
དེ་རིང་གསེར་འོད་ཁུར་ནས་ཕེབས་ཉིན་ཡང་།།
ང་ཚོའི་དྲན་པ་རྒྱ་མཚོའི་རླབས་བཞིན་སྐྱོམ།།
ལ་མགོའི་དར་ལྕོག་སྐུང་བའི་ཉིན་ཞག་དེར།།
སྡུག་དང་མིག་ཆུའི་ཁ་ན་བཞུགས་པ་ཁྱེད།།
ལྷ་ཁང་འཐོར་མའི་ངོ་གདོང་འབྱིད་ས་ནས།།
གདུགས་དང་རྒྱལ་མཚན་ཁུར་བ་ཡིད་རེ་འོང་།།
ལྷ་ཚོགས་བྲོས་ཤུལ་དེ་ནས་མ་བཀྱེད་པར།།
ད་འདི་གསེར་རླབས་འཕྱོ་བའི་རྒྱ་མཚོ་བཙུག།
བྱིན་རླབས་ཆར་བཞིན་སྩོལ་བའི་ཕ་རྒན་ཁྱེད།།
དེ་རིང་ཕེབས་པ་བདེ་ཡང་ཕྱིར་ལ་གཟིགས།།
སྲིད་པའི་གངས་རྒན་འདྲ་དེའི་སྐྱོར་མ་མཛད།།
གཙུག་གི་ནོར་བུ་འདྲ་ཡང་དགུང་ལ་བཏེགས།།
ད་ནི་སྐར་ཚོགས་ཁྲ་མོའི་གཞིས་ཁྱིམ་ཡོད།།
གློ་བུར་གང་ལ་གཤེགས་སོང་ཀྱེ་མ་ཧུད།།
གནའ་མི་འཛུམ་ཞལ་ཅན་གྱི་སྙིང་སྟོབས་དེས།།
བརྒྱུད་པ་གསེར་གྱི་རྨུ་ཐག་འདི་ཡང་བསྲང་།།
བསོད་ནམས་ཆེ་སོང་བསམ་ཡང་ཆུང་སོང་སྟེ།།
དགུན་ཁའི་ཙག་ཁ་དེ་ནས་བསྐྱུར་སོང་ངོ་།།
ཕ་ཆོས་མཛོད་དུ་བསྒྲིགས་ནས་བུ་ལ་གནང་།།
རི་ངོགས་གཟར་མོ་དེ་ཡང་འོད་ཀྱིས་བཀྱགས།།
ཡང་དར་བསྟན་པའི་ཀ་ཆེན་མི་བོ་ཆེ།།
ཁ་སང་འགྱེལ་བ་དེས་ཀྱང་སུ་ཞིག་དཀྲོགས།།
མཚན་སྨག་མཐུག་རུང་མུན་པ་རྒལ་བའི་མི།།
ཁོག་པ་དུང་གིས་གང་བའི་ཚུགས་ཤིང་ཅན།།
དཔའ་བོ་སྟག་གི་བུ་རྒྱུད་སུ་ཡིས་ཆོག།
ད་ཡང་ཤུལ་ལམ་འདི་ན་ཆོས་ཀྱིས་འགུལ།།
༢༠༢༡/༡/༡༤
_______________________
བླ་མ་གཤེགས་པའི་སྐྱོ་གདུང་།
འོད་གསལ་ཀུན་བཟང་ཆོས་འཕེལ།
དད་པའི་འཇའ་འོད་འཁྲིགས་ས་ཁྱེད་འདྲ་དཀོན།།
མོས་གུས་གཏིང་ནས་སྐྱེས་ས་ཁྱེད་འདྲ་དབེན།།
སྙིང་གི་བློ་ཕུགས་གཏད་ས་ཁྱེད་ལས་མེད།།
དད་དང་གུས་པ་མ་འགྱུར་སྔར་བཞིན་ཡོད།།
དགའ་བ་དག་སྣང་མ་ཡལ་སྔར་ལྟར་གནས།།
དྲན་གདུང་སྐྱོ་བའི་མྱ་ངན་སྔར་ལས་ལྷག།
བདེ་ལྡན་ཆོས་ཀྱི་ཞིང་ནས་དགོངས་ལགས་སམ།།
སྐྱིད་ན་གསོལ་འདེབས་བྱེད་ས་ཁྱེད་རང་ཡིན།།
སྡུག་ཀྱང་འོ་དོད་འབོད་ས་ཁྱེད་ལས་སུ།།
འདི་ཕྱི་གཉིས་ཀྱི་གཏད་སོ་ཁྱེད་ཁོ་ན།།
བྱམས་ཆེན་བརྩེ་བའི་མ་འདོར་བཀའ་དྲིན་ཅན།།
བུ་ང་དད་དང་མོས་གུས་ཞན་ན་ཡང་།།
ཁྱེད་སྐུ་མཚན་དཔེའི་པདྨོ་མཇལ་སྙིང་འདོད།།
ཁྱེད་གསུང་ཚངས་དབྱངས་སྙན་མོ་ཐོས་ན་བསམ།།
རེ་འདུན་ཉག་གཅིག་ཡིན་ནོ་བླ་མ་ལགས།།
_________________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།