ཐུབ་བསྟན་སྤྱི་དང་ནང་རྒྱུད་སྡེ་གསུམ་གྱི།།
བཤད་སྒྲུབ་ཆོས་ཀྱི་དཔལ་ལ་མངའ་དབང་བསྒྱུར།།
སྐལ་བཟང་སྐྱེ་དགུ་ཡོངས་ཀྱི་མགོན་གཅིག་པུ།།
གདུལ་བྱའི་སྣང་ངོར་རྟག་འཛིན་གཞིག་པའི་ཕྱིར།།
མགོན་ཁྱེད་ཞི་བའི་དབྱིངས་སུ་གཤེགས་ན་ཡང་།།
ཉམ་ཐག་འགྲོ་ལ་ཐུགས་ཀྱིས་ཉེར་དགོངས་ལ།།
ཡང་སྤྲུལ་ཟླ་གཞོན་གསར་པ་མྱུར་འཆར་གསོལ།།
འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད།།
འོད་གསལ་སྙན་བརྒྱུད་དགོངས་པའི་ཀློང་བཅུད་བརྡོལ།།
བརྒྱུད་གསུམ་ཀུན་འདུས་བླ་མ་ཁྱེད་ཉིད་ཀྱི།།
ཡང་སྤྲུལ་ཟླ་གཞོན་གསར་པ་མྱུར་འཆར་གསོལ།།
ཟབ་ལས་ཆོས་ཟབ་གསང་ཆེན་སྔ་འགྱུར་བའི།།
ཟབ་གསང་སྙིང་པོ་འོད་གསལ་རྫོགས་པ་ཆེའི།།
ཟབ་གནད་ཡོངས་སུ་འཛིན་པ་ཁྱེད་ཉིད་ཀྱི།།
ཡང་སྤྲུལ་ཟླ་གཞོན་གསར་པ་མྱུར་འཆར་གསོལ།།
རྨད་བྱུང་ཚོགས་གཉིས་རྒྱ་མཚོས་བསྐྲུན་པའི་སྐུ།།
ལེགས་བཤད་ཆོས་ཚུལ་རྒྱ་མཚོ་འཆད་པའི་གསུང་།།
མ་ལུས་ཆོས་ཀུན་མཁྱེན་པའི་ཐུགས་མངའ་བའི།།
ཡང་སྦྲུལ་ཟླ་གཞོན་གསར་པ་མྱུར་འཆར་གསོལ།།
ཞེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་དཔལ་ཡུལ་དགོན་པའི་སྤྲུལ་རིན་པོ་ཆེ་ཐུབ་བསྟན་དཔལ་བཟང་མཆོག་ཉིད་ཞི་བར་གཤེགས་པའི་ཚེ། འཇམ་དཔལ་ལེགས་བཤད་ཆོས་ཀྱི་ཉི་མའམ་མཁན་པོ་སངས་རྒྱས་ཚེ་རིང་གིས་ཡང་སྲིད་རིན་པོ་ཆེ་མྱུར་དུ་འབྱོན་པའི་སྨོན་ཚིག་འདི་བྲིས་པའོ།།
________________________
ཀྱེ་མ། མཉམ་མེད་ཐུབ་དབང་བསྟན་པའི་ས་གཞི་ལ།།
བཀའ་གཏེར་ཟབ་དོན་དཔལ་གྱི་པད་ཚལ་རྒྱས།།
སྡེ་གསུམ་མན་ངག་བཟང་པོའི་རྩི་བཅུད་རྒྱས།།
སྐལ་བཟང་རྐང་དྲུག་གསོལ་ཁྱོད་སྙིང་ནས་དྲན།།
གང་སྐུ་གཤེགས་བཞུགས་མཚན་འཛིན་ཀུན་བྲལ་ཡང་།།
སྐྱབས་མེད་བདག་སོགས་བོར་ནས་ཞི་དབྱིངས་གཞོལ།།
གདུང་བའི་དད་མོས་དྲུག་པོས་བསྐུལ་ལགས་ན།།
མ་འགགས་སྤྲུལ་པའི་ཉི་གཞོན་མྱུར་འཆར་གསོལ།།
གངས་ལྗོངས་རྒྱལ་བསྟན་ཆུ་མགོ་སྔ་འགྱུར་བའི།།
བཀའ་གཏེར་དག་སྣང་བསྟན་པ་ཡོངས་ཀྱི་མཛོད།།
མཚུངས་མེད་བླ་མའི་གསང་གསུམ་ཡེ་ཤེས་འཕྲུལ།།
མ་ནོར་ཡང་སྲིད་དམ་པ་མྱུར་འབྱོན་གསོལ།།
མཁས་བཙུན་བཟང་པོའི་རྩ་བ་རབ་ཏུ་བརྟན།།
ཐོས་བསམ་སྒོམ་པའི་ཡལ་འདབས་ཕྱོགས་སུ་རྒྱས།
བཤད་སྒྲུབ་ལས་གསུམ་འབྲས་བཟང་ཁུར་དུད་པའི།།
མཆོག་སྤྲུལ་དཔག་བསམ་དབང་པོ་མྱུར་འབྱོན་གསོལ།།
རྣམ་དག་ངེས་འབྱུང་ལྟེ་བ་གཅིག་ཏུ་བརྟན།།
རིམ་གཉིས་ཏིང་འཛིན་མུ་ཁྱུད་ཟླུམ་པོས་བསྐོར།།
དྲི་མེད་ཤེས་རབ་རྣོན་པོའི་རྩིབ་མོ་ཅན།།
བསླབ་གསུམ་འཁོར་ལོས་བསྒྱུར་བ་མྱུར་འབྱོན་གསོལ།།
བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་དང་།།
ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་བདེན་སྟོབས་དང་།།
ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ནུས་མཐུ་ཡིས།།
སྨོན་པའི་དོན་འདི་མྱུར་དུ་འགྲུབ་པར་མཛོད།།
ཅེས་པའང་སྐྱབས་རྗེ་ཐུབ་བཟང་རིན་པོ་ཆེ་གཟུགས་སྐུའི་བཀོད་པ་ནང་དབྱིངས་སུ་བསྡུ་ཚུལ་བསྟན་སྐབས། དད་པའི་གདུང་བའི་ཡུས་ཀྱི་སྙིང་ནས་འབོད་པ་འདི་ཉིད་གུས་དམན་གྱི་ན་བ་ཀཿཐོག་འཇམ་དབྱངས་སྤྲུལ་མིང་འཛིན་པ་དེས། གུས་པས་གསོལ་བ་བཏབས་པ་སྨོན་པ་ཇི་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག།
________________________
བསྟན་པའི་གསལ་བྱེད་མཚུངས་བྲལ་བླ་མ་རྗེ།།
ཐུབ་བསྟན་དཔལ་ལྡན་བཟང་པོ་མཆོག་སྐུ་ཡི།།
དགོངས་པ་ཆོས་དབྱིངས་བསྡུས་པས་ཡིད་ཕམ་སྐྱོ།།
དད་དང་གདུང་ཤུགས་དྲག་པོས་གསོལ་སྨོན་མཐུས།།
ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འཆར།།
བཤད་སྒྲུབ་བསྟན་པ་མི་ཉམས་སྔར་བཞིན་རྒྱས།།
ཕན་བདེའི་དགེ་མཚན་འཕྲིན་ལས་རྟག་འབར་ཤོག།
ཅེས་བོད་ལྕགས་བྱི་ལོའི་ཧོར་ཟླ་བཅུ་གཅིག་པའི་གནམ་གང་དགོང་ཐུན་གྲོལ་ཚེ། ༸སྐྱབས་རྗེ་བླ་མ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་བསྡུས་སོང་བའི་གཏམ་ངན་ཁ་པར་དང་དྲྭ་འཕྲིན་དག་ལས་ཐོས་པས། ཡིད་ཕམ་དང་བློ་འགྱོད་དྲག་པོའི་ཡུད་ཙམ་ལུས། དེ་འཕྲལ་མྱུར་བྱོན་གསོལ་འདེབས་ཀྱི་སྨོན་ཚིག་འདི་དར་ཐང་བ་ཐུབ་བསྟན་གར་དབང་ཉིན་བྱེད་ནས་གསོལ་བ་འདེབས་བཞིན་སྨོན་པ་དགེ།
____________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།