རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 2 July 2021

༄༅། །དོལ་པོའི་བླ་མ་ཨོ་རྒྱན་སངས་རྒྱས་ཀྱིས་རང་མཉམ་སློབ་མ་རྣམས་ལ་གསུངས་པའི་མགུར་ཚོགས་རྣམས་ལས། རང་དགོན་དབེན་གནས་དམ་པ་མངོན་དགའ་བྱང་ཆུབ་ཆོས་གླིང་ལ་བསྟོད་པ་བཞུགས་སོ།།



ཨོཾ་སྭསྟི།
དམར་སྒོམ་ཡབ་སྲས་ཞབས་ལ་འདུད། །
སྒྲུབ་བརྒྱུད་ཟིན་པར་བྱིན་གྱིས་རློབས། །
ཕ་རྒོད་ཆོས་རྗེ་ཞབས་ལ་འདུད། །
བརྒྱུད་འཛིན་བུ་ལ་བྱིན་གྱིས་རློབས། །

རྩ་གསུམ་ཡི་དམ་རྒྱ་མཚོའི་ཚོགས། །
དངོས་གྲུབ་རྣམ་གཉིས་ཆར་ལྟར་ཕོབ། །
ཆོས་སྐྱོང་མགོན་པོ་ཕྱག་བཞི་དང་། །
དེ་འཁོར་སྲུང་མ་འབུམ་ཕྲག་ཚོགས། །

ཆོས་ལྡན་སྒྲུབ་པའི་བར་ཆད་སོལ། །
དགོན་སྲུང་ཆོས་བདག་ཝ་ལ་པ། །
བསྟན་པ་དར་བའི་གྲོགས་མཛོད་ཅིག །
དེ་འཁོར་དཀར་ཕྱོགས་སྐྱོང་བ་ཀུན། །

རྣལ་འབྱོར་མཐུན་རྐྱེན་འབད་མེད་སྒྲུབ། །
བསམ་པ་འགྲུབ་པའི་གྲོགས་མཛོད་ཅིག །
ཡུལ་འདིར་ལོ་ལེགས་ཕྱུགས་འཕེལ་ཞིང་། །
བདེ་སྐྱིད་འབྱུང་བའི་ཤིས་པ་སྩོལ། །

རྣལ་འབྱོར་ཉམས་ཀྱིས་གནས་བསྟོད་འབུལ། །
ཕྱི་མི་འགྱུར་དམར་སྒོམ་མ་ཡིས་མཚན། །
ནང་མི་འགྱུར་གོང་མས་བྱིན་གྱིས་བརླབས། །
གསང་བ་མི་འགྱུར་གསུང་བྱོན་གནས། །

ཕྱི་མི་འགྱུར་ཧྲཱིཿདྷི་ཧྲཱིཿཡིས་མཚན། །
ནང་མི་འགྱུར་གོང་མའི་ཕྱག་རྒྱས་བསྟམས། །
གསང་བ་ཉམས་རྟོགས་འཕེལ་བའི་གནས། །
ཕྱི་མི་འགྱུར་རིན་ཆེན་གཡས་སུ་འཁྱིལ། །

ནང་མི་འགྱུར་སྐུ་གསུང་ཐུགས་རྟེན་འཚེར། །
གསང་བ་བྱིན་རླབས་དཔག་མེད་དགོན། །
དེར་གནས་བཞུགས་པའི་དགེ་འདུན་པ། །
བསྟན་པ་འཛིན་སྐྱོང་ངོ་མཚར་ཆེ། །

ཤར་ཕྱོགས་རྒྱ་སྟག་འགྲིམ་ལམ་འདྲ། །
དེ་ཤར་ཕྱོགས་ལྷ་འདྲེ་འདུ་བའི་རྟགས། །
ལྷོ་གཡུ་འབྲུག་སྔོན་མོ་འཁྱུགས་པ་འདྲ། །
དེ་ཉམས་རྟོགས་དགུང་ལ་འདྲེན་པའི་རྟགས། །

ནུབ་ས་དམར་རྨ་བྱ་འགྱིང་བ་འདྲ། །
དེ་དུག་ལྔ་དབང་དུ་སྡུད་པའི་རྟགས། །
བྱང་རུས་སྦལ་དཀར་པོ་ཁྲོས་པ་འདྲ། །
དེ་བར་ཆད་གནས་སུ་སྒྲོལ་བའི་རྟགས། །

རི་རྩེ་མོ་དགུང་ལ་མཐོ་བ་དེ། །
ཉམས་རྟོགས་པ་དགུང་ལས་མཐོ་བའི་རྟགས། །
མདུན་གཙང་ཆབ་ཡོན་ཆབ་ཕུལ་བ་དེ། །
མི་དེ་ཚོ་ཆོས་ལ་བརྩོན་པའི་རྟགས། །

དེ་གཡས་སུ་ཐང་ཆེན་ཐང་ཆུང་དེ། །
ཕྱོགས་ཕྱོགས་ནས་དད་ཅན་འདུ་བའི་རྟགས། །
དེ་སྟེང་དུ་རི་འབུར་མཎྜལ་འདྲ། །
དེ་བསོད་ནམས་ཚོགས་ཆེན་གསོག་པའི་བརྡའ། །

རི་རེས་འགའ་མཆོད་གཏོར་བཤམས་པ་འདྲ། །
དེ་སྒྲུབ་པ་མང་པོ་ཡོང་བའི་བརྡའ། །
རི་ལ་ལ་འབྲུ་སྡེ་སྤུངས་པ་འདྲ། །
དེ་ལོངས་སྤྱོད་དབང་མེད་འདུ་བའི་རྟགས། །

བྲག་རི་ཚོ་ཁྲོ་རྒྱལ་ཁྲོས་པ་འདྲ། །
ནག་ཕྱོགས་དེ་ཕ་མཐར་སྐྲོད་པའི་བརྡའ། །
དེ་དབུས་སུ་སྒྲུབ་ཕུག་ཡོད་པ་དེ། །
དེ་བྱང་ཆུབ་མྱུར་དུ་འགྲུབ་པའི་རྟགས། །

གནས་དབེན་ཞིང་མཐོང་རྒྱ་ཆེ་བ་དེ། །
ནང་སེམས་ཉིད་མཁའ་ལ་ལྡིང་བའི་རྟགས། །
རི་དྲི་བཟང་ངད་ལྡན་ཆེ་བ་དེ། །
ཀུན་ཚུལ་ཁྲིམས་དྲི་ངད་ལྡན་པའི་རྟགས། །

བྱ་ཁྱུ་བྱུག་གསུང་སྙན་སྒྲོགས་པ་དེ། །
དུས་ཀུན་ཏུ་ཆོས་འཁོར་བསྐོར་བའི་རྟགས། །
སྤང་རི་ཚོ་མེ་ཏོག་བཀྲ་བ་དེ། །
མི་སྐྱེས་ཆེན་དུ་མ་འབྱོན་པའི་རྟགས། །

ནགས་རི་ཚོ་སྨུག་ཞད་ཆེ་བ་དེ། །
རྣལ་འབྱོར་ཚོ་བསོད་ནམས་ཆེ་བའི་རྟགས། །
རི་དྭགས་ཚོ་བག་ཕེབས་བརྩེ་བ་དེ། །
འཁོར་བུ་སློབ་དད་སྦྱིན་འདུ་བའི་རྟགས། །

བྱ་སྣ་ཚོགས་འཕུར་ལྡིང་གསུང་སྙན་འདི། །
སྤྱིར་གཞུང་ལ་མཚན་ཉིད་མཁས་པའི་རྟགས། །
བྲག་དམར་ཚོ་དགུང་ལ་འཕྱོ་བ་འདི། །
ཆོས་དཀོན་མཆོག་དབུ་འཕང་མཐོ་བའི་རྟགས། །

གྲོག་པོ་ཚོ་གཏིང་རུམ་ཆེ་བ་དེ། །
ངན་སོང་སྒོ་དོག་པས་གནོན་པའི་རྟགས། །
རི་བོ་ཚོ་ཁ་དོག་དཀར་བ་དེ། །
མ་འགྲོ་ལ་ཐར་ལམ་སྟོན་པའི་རྟགས། །

ས་མས་ནས་ཡར་ལ་ལམ་ཆེན་ཏེ། །
ཐར་ལམ་བྱང་ཆུབ་བགྲོད་པའི་རྟགས། །
ཁ་ཡར་ལ་བསྟན་ནས་འགྲོ་བ་དེ། །
འཁོར་བ་ཞེན་ཆགས་མེད་པའི་རྟགས། །

ཤུག་པ་ཚོ་ཤིག་ཤིག་གཡོ་བ་དེ། །
སྒྲུབ་ཐོབ་ཚོ་ཤིན་དུ་མང་བའི་རྟགས། །
བྲག་རི་ཚོ་མེ་ལྕེ་འབར་བ་འདྲ། །
ཆོས་སངས་རྒྱས་མེ་ལྟར་འབར་བའི་རྟགས། །

དར་དཀར་གྱི་བ་དན་མང་པོ་བཀྲ། །
དེ་རྣལ་འབྱོར་རླུང་རྟ་དར་བའི་རྟགས། །
རླུང་སིར་བུ་དུས་རྣམས་ཀུན་ཏུ་བསིལ། །
དེ་སྙན་གྲགས་སྟོང་གསུམ་སྒྲོག་པའི་རྟགས། །

ལྟོ་བཟོ་བྱེད་ཆུ་ཤིང་ཤིན་དུ་མོད། །
དེ་རྣལ་འབྱོར་འདོད་ཡོན་འཛོམ་པའི་རྟགས། །
བྲག་དམར་གཡང་ཞིང་དུ་མཐོ་བ་དེ། །
གནས་བདག་གི་ཕོ་བྲང་ཡིན་པའི་རྟགས། །

ནགས་མི་འདྲ་སྣ་ཚོགས་ཡོད་པ་དེ། །
དེ་ནུས་པ་མི་གཅིག་ཡོད་པའི་རྟགས། །
སྤྱི་ས་མདོག་དཀར་ཤས་ཆེ་བ་དེ། །
ཆོས་བདག་ཚོ་ཆོས་ལ་དཀར་བའི་རྟགས། །

ཆུ་མིག་ཚོ་རྫིང་བུ་འཁྱིལ་བ་དེ། །
དེ་གོང་མས་བྱིན་རླབས་ཡིན་པའི་རྟགས། །
གཡས་ཕྱོགས་སུ་དགོན་ཆུང་དགེ་འཕེལ་དེ། །
ཆོས་སངས་རྒྱས་བསྟན་པ་འཛིན་པའི་རྟགས། །

ས་གླང་ཆེན་འདྲ་བའི་སྤྱི་གཙུག་ཏུ། །
དཔལ་ཆོས་སྐྱོང་ཡུལ་ལྷའི་བསྟན་མཁར་བཅས། །
དེ་མཐུན་རྐྱེན་འབད་མེད་གྲུབ་པའི་རྟགས། །
དཔལ་གཡས་འཚེར་དགོན་པ་ཆེན་པོ་སྟེ། །

འགྲོ་ཀུན་གྱི་དཔལ་དུ་ཆེ་བའི་རྟགས། །
རི་བཀྲ་ཤིས་གང་གི་ས་འབུར་ཏེ། །
དགོན་དེ་ལ་དངོས་གྲུབ་འབྱུང་བའི་རྟགས། །
ས་གླང་ཆེན་འདྲ་བའི་ལྟེ་བ་རུ། །

དཔལ་མངོན་དགའ་བྱང་ཆུབ་གླིང་ཞེས་པའི། །
ནང་དགོན་པ་སྐུ་རྟེན་གསུང་རྟེན་འདི། །
ཕྱོགས་ཀུན་ཏུ་བསྟན་པ་དར་བའི་རྟགས། །
གནམ་འཁོར་ལོ་རྩིབས་བརྒྱད་བཀྲ་བ་དེ། །

དུས་ཀུན་ཏུ་ཆོས་འཁོར་བསྐོར་བའི་རྟགས། །
ས་པདྨ་འདབ་བརྒྱད་ལྡན་པ་འདི། །
དུས་ཀུན་ཏུ་འགྱུར་མེད་བརྟན་པའི་རྟགས། །
ཡུལ་མི་ཚོ་དགེ་ལ་བརྩོན་པའི་བརྡའ། །

ཆོས་བདག་ནི་ཆོས་ལ་དཀར་བའི་བརྡའ། །
བཀྲ་ཤིས་ཕུན་ཚོགས་འབྱུང་བའི་རྟགས། །
ལྷ་འདྲེ་མི་གསུམ་ཤིས་གྱུར་ཅིག །
མངྒ་ལཾ།།  

   ཅེས་པ་འདི་ཡང་དམར་སྒོམ་པ་ཆེན་པོའི་གདན་ས་གཡས་འཚེར་བྱང་ཆུབ་གླིང་གི་ཤར་ཕྱོགས། མངོན་དགའ་བྱང་ཆུབ་གླིང་གི་དབེན་གནས་དམ་པ་དེ་ཉིད་དུ་ལོ་གསུམ་ཕྱོགས་གསུམ་གྱི་སྐབས་གནས་ལ་བསྟོད་པ་འདི། ཤཱཀྱའི་དགེ་སློང་ཨོ་ཌི་ཡཱ་ནའམ་ཙནྡྲ་ཤཱ་ས་ན་དྷ་རས་སྟག་ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་བྲིས་པས། འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་ཤོག་ཅིག། 


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

2 comments:

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།