རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 19 June 2021

བདག་གིས་དངོས་སུ་མཇལ་བའི་རྗེ་བཙུན་ཆེན་པོ།

སློབ་དཔོན་ཀརྨ་དབང་རྒྱལ། ཧྥ་རན་སི།


࿑ ན་མོ་གུ་རུ་བཛྲ་ས་ཏྭ་ཡེ།

མ་བཅོས་རིག་པ་ཆོས་སྐུའི་མཁའ་དབྱིངས་སུ།།
ཚད་མེད་སྙིང་རྗེའི་ཆུ་འཛིན་རབ་ཏུ་འཁྲིགས།།
གང་འདུལ་སྦྲང་ཆར་སིལ་མ་ཕྱོགས་ཀུན་འབབ།།
ངེས་དོན་དགེ་སློང་རྡོ་རྗེ་འཛིན་པ་ཁྱེད།།

རྗེ་བཙུན་བླ་མའི་ཐུགས་དགོངས་རྫོགས་པར་མཛད།།
སྤང་རྟོགས་ཡོན་ཏན་རྒྱ་མཚོར་མངའ་དབང་འབྱོར།།
དམ་པའི་ངང་ཚུལ་མདོ་སྔགས་ཟབ་རྒྱའི་དོན།།
ཉམས་ལེན་ཐུགས་སུ་འདྲེས་པ་ཁྱེད་ཉིད་ཙམ།།

ཀུན་བཟང་དགོངས་པ་མཉམ་པའི་རྣལ་འབྱོར་ཁྱེད།།
འདིར་སྣང་སྒྱུ་འཕྲུལ་རྣམས་ལ་རེ་དོགས་ཟད།།
གཞི་སྣང་གཞི་རུ་བསྡུས་ནས་ཆོས་སྐུའི་ངང་།།
མཉམ་པར་བཞག་པའི་སྐུ་ལ་ཕྱག་འཚལ་ལོ།།

ཕྱི་ལྟར་ཞི་འདུལ་ཉམ་ཆུང་ཀུན་གྱི་གྲོགས།།
ནང་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ།།
གསང་བར་རིག་འཛིན་པདྨའི་དགོངས་བཅུད་བརྙེས།།
ཁྱེད་ནི་ཆོས་ཟད་རྣལ་འབྱོར་རྣམ་པར་རྒྱལ།།

ཐོས་པ་རྒྱ་མཚོའི་ཕ་མཐར་ཁྱེད་ཀྱིས་བརྒལ།།
བསམ་གཏན་རྩེ་གཅིག་ངང་དུ་སྐུ་ཚེ་བསྐྱལ།།
སྒོམ་པ་མི་རྟོག་རྣལ་འབྱོར་རྒྱུན་ཆད་མེད།།
བསྟན་པ་ནང་དུ་འཛིན་པ་ཁྱེད་ལ་འདུད།།
 
བསྟན་འགྲོའི་དོན་དུ་དཀའ་བ་བརྒྱ་ཕྲག་སྤྱད།།
འཇིག་རྟེན་ཆོས་བརྒྱད་མི་གཙང་འདམ་ལྟར་དོར།།
བླ་མའི་བཀའ་དང་རང་གི་ཚེ་སྲོག་བརྗེས།།
རྒན་ལགས་ངག་དབང་ངག་གི་དབང་པོ་འདྲ།།

སྡོམ་གཙང་པདྨར་འདམ་གྱི་དྲི་མ་འགོས།།
དགེ་སྡིག་དཀར་ནག་ཕྲ་ཞིང་ཞིབ་པར་བསྲུངས།།
ཀ་དག་ཆེན་པོའི་གནས་ལུགས་རབ་རྟོགས་ནས།།
ལྷུན་གྲུབ་སྣང་བཞི་མཐའ་རུ་ཕྱིན་པའོ།།

མདོར་ན་ཁྱེད་ནི་མཁས་བཙུན་བཟང་པོ་ཡི།།
བདག་གིས་དངོས་སུ་མཇལ་བའི་རྗེ་བཙུན་ཆེ།།
སྙིགས་དུས་བསྟན་པའི་སྒྲོན་མེ་ཆེན་པོ་ཁྱེད།།
སླར་ཡང་ཆོས་སྐུའི་ཀློང་དུ་མཇལ་བར་སྨོན།།

     ཞེས་པ་འདི་ནི་ངེས་པ་དོན་གྱི་ཉམས་ལེན་པ་ཆེན་པོ། སྦས་པའི་རྣལ་འབྱོར་རྒན་ངག་དབང་མཆོག་གཟུགས་སྐུའི་བཀོད་པ་ཆོས་སྐུའི་ངང་དུ་བསྡུས་པ་ངོ་མཚར་སྒྱུ་འཕྲུལ་གྱི་རོལ་བ་སྟོན་པའི་ཉིན། རྗེ་བཙུན་བླ་མ་ཁོང་ལ་དད་མོས་མི་དམན་ཙམ་ཡོད་མཁན། མི་གནས་རང་བྱུང་ངམ་ལྷོ་རི་བ་ཀརྨ་དབང་རྒྱལ་གྱིས་ནུབ་ཧྥ་རན་སིའི་རྒྱལ་སར་༢༠༢༡/༠༦/༡༦ ཉིན་སུག་བྲིས་བྱས་པའོ།།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།