རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 13 June 2021

ཆོས་བདག་སྤྲུལ་པའི་སྐུ་ལ་བསྟོད་པ།

སྤྲུལ་སྐུ་བསྟན་པ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


མདོ་ཁམས་ས་ཡི་ཐིག་ལེ་ཨ་ཛི་རོང་།།
པདྨ་བདུད་འདུལ་ལ་སོགས་གྲུབ་བརྒྱ་ཡི།།
ཚང་ཚང་རབ་རྡོལ་དགེ་ལེགས་སྤུང་པའི་སར།།
ཁྱེད་སྐུ་པདྨོ་མངོན་པར་བཞད་ལ་བསྟོད།།

ཀློང་གསལ་དངོས་བྱོན་གྲུབ་རིག་རྣལ་འབྱོར་དེས།།
བསམ་གླིང་ཆོས་བདག་མཐུ་སྟོབས་གླིང་པ་ཡི།།
སྤྲུལ་པ་ལྔ་པར་བཀའ་རྟགས་དྲིལ་བསྒྲགས་ཀྱིས།།
མངའ་གསོལ་མཛད་པ་འཁྲུལ་མེད་ཁྱེད་ལ་བསྟོད།།

དགོངས་འདུས་གཉིས་པའི་ཟབ་གཏེར་རྒྱ་མཚོ་ཡི།།
སྨིན་གྲོལ་དབང་ལུང་ཡལ་བར་འཕངས་པ་ལས།།
སྤྲུལ་པའི་སྐུ་མཆོག་པདྨ་རྣམ་རྒྱལ་ལས།།
གདམས་པའི་འོ་ཞོ་ཚུལ་བཞིན་བཞེས་ལ་བསྟོད།།

ཁྱད་པར་གྲུབ་དབང་ལུང་རྟོགས་རྒྱ་མཚོ་ཡིས།།
སྤྲུལ་པའི་སྐུ་མཆོག་འཁྲུལ་མེད་འདིའོ་ཞེས།།
མང་པོའི་དབུས་ན་འཇིགས་མེད་བཀའ་ཡིས་བསྔགས།།
མཐུ་སྟོབས་གླིང་པ་དངོས་བྱོན་ཁྱེད་ལ་བསྟོད།།

སངས་རྒྱས་མི་ཡི་རྫུར་བཞུགས་ཨ་རིག་རྗེར།།
བསམ་གཏན་གླིང་པའི་ཟབ་གཏེར་སྙིང་པོའི་བཅུད།།
དགོངས་བཞེད་ཇི་བཞིན་ལེགས་པར་ཕུལ་བ་སོགས།།
དམ་པ་མང་པོས་ཁྱེད་ཞབས་བཏུད་ལ་བསྟོད།།

བལ་ཡུལ་གསང་བ་ཡང་ལེ་ཤོད་ཀྱི་ཆར།།
ཁྲོ་རྒྱལ་སངས་རྒྱས་རྡོ་རྗེས་གསོལ་བཏབ་བཞིན།།
བདུད་འཇོམས་སྤྲུལ་སྐུ་ལ་སོགས་འདུས་པའི་སྡེར།།
དགོངས་འདུས་གཉིས་པའི་སྨིན་དབང་བསྐུར་ལ་བསྟོད།།

འཕགས་ཡུལ་བྱང་ཕྱོགས་ཛ་ལན་དཱ་རའི་འགྲམ།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོའི་སྡེས།།
ཉིད་སྐུའི་སྣམ་སྦྱར་རྒྱལ་མཚན་ཁྱེད་ལ་གསོལ།།
དགེ་སློང་རྡོ་རྗེ་འཛིན་རྒྱལ་ཁྱེད་ལ་བསྟོད།།

ཉག་རོང་ལྕགས་མདུད་ས་ཡི་མདུད་པ་དེར།།
བསྟན་པའི་བསྟི་གནས་འོད་ཕུང་དགོན་པ་བཏབ།།
བསམ་གཏན་གླིང་པའི་ཟབ་གཏེར་བསྟན་པ་བསྐྱངས།།
རྒྱལ་བ་བྱང་ཆུབ་སྒྱུ་གར་ཁྱེད་ལ་བསྟོད།།

གདུལ་བྱའི་ཞིང་ཁམས་མདོ་ཁམས་རི་ཆེན་དང་།།
སྤོ་བོ་པད་བཀོད་རྣམས་སུ་ཞལ་ཕྱོགས་ཏེ།།
ལོང་བ་ཤེས་མེད་འགྲོ་ལ་ཐར་ལམ་གྱི།།
ཚེ་འབར་སྒྲོན་མཛད་སྐྱེས་ཆེན་ཁྱེད་ལ་བསྟོད།།

རིག་འཛིན་སྟག་ཤམ་རྡོ་རྗེའི་ཆོས་ཀྱི་བདག།
རྒྱ་མཚོ་ལྟ་བུའི་སྒྲུན་མེད་ཐུགས་བསྐྱེད་ཅན།།
བསྟན་ཞབས་གཏེར་གྱིས་སྐྱོང་བའི་དྲིན་པོ་ཆེ།།
འཁོར་ལོའི་དབང་ཕྱུག་ཁྱེད་ནི་བསྟོད་པའི་ཡུལ།།

   ཞེས་བསམ་གླིང་ཆོས་བདག་གཏེར་ཆེན་མཐུ་སྟོབ་གླིང་པའི་སྤྲུལ་རབས་ལྔ་པ་སྤྲུལ་སྐུ་རིག་འཛིན་རྒྱ་ཚོར་དགའ་དད་སྤྲོ་བའི་ངང་། ཧ་ཅང་སྡེབ་ལེགས་དང་སྙན་ཚིག་སོགས་ཀྱིས་མ་བཅིངས་པར། མཛད་པ་དང་སྦྲེལ་ཏེ་བསྟོད་ཚིག་ཁ་ཐུག་སྤེལ་བ་འདི་ཡང་། བསམ་གཏན་གླིང་པའི་གསུང་སྤྲུལ་རི་སྤྲུལ་མིང་པས་ཕུལ།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཆོས་བདག་སྤྲུལ་པའི་སྐུ་ལ་བསྟོད་པ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།