ཀརྨ་དབང་རྒྱལ། ཧྥ་རན་སི།
བཟང་ངན་སྣ་ཚོགས་སྣང་བའི་འཇིག་རྟེན་འདིར།།
བསླུ་བ་མེད་པའི་རྟེན་འབྲེལ་རྨད་དུ་བྱུང་།།
བདག་ལ་བཟང་ངན་ལས་ཀྱིས་འབྲེལ་ཐོགས་ཀུན།།
རེ་དོགས་འཛིན་པས་འཆར་འགོད་ཅི་བྱས་རུང་།།
རྒྱུ་རྐྱེན་རྟེན་འབྲེལ་དབང་བཙན་གང་འདོད་མེད།།
སྔར་མ་མཐོང་བའི་སྨན་ཞབས་བུ་མོ་ཚོས།།
བྱམས་བརྩེས་ནད་གཡོག་གནང་བར་བཀའ་དྲིན།།
ཚ་བོ་ཚ་མོ་གྲོགས་པོ་གྲོགས་མོ་རྣམས།།
རྟག་ཏུ་ངོ་དགའ་ཡག་ཡག་ཡིན་མོད་ཀྱང་།།
ན་དུས་སྔར་མ་མཐོང་ཡང་སྨན་ཞབས་མས།།
བྱམས་པས་བསྐྱངས་ཕྱིར་ཉེ་རིང་འདུ་ཤེས་བྲལ།།
འཇིག་རྟེན་ཁམས་ཀྱི་སྨན་ཞབས་བུ་མོ་རྣམས།།
རྟག་ཏུ་བདེན་པ་དམ་པས་སྐྱོབ་པར་ཤོག།
རེ་མེད་བྱམས་ལྡན་སྨན་ཞབས་བུ་མོ་རྣམས།།
ཆོས་ཉིད་བསླུ་བ་མེད་པས་སྲུང་བར་ཤོག།
ངས་ནི་དེ་སྔོན་སྨན་ཞབས་བུ་མོ་ཚོ།།
མཐོང་ཐོས་ཕར་ཞོག་ཡོད་སྣང་ཤར་མ་མྱོང་།།
ཆབ་གསང་དོར་སོགས་ཇི་ཙམ་དཀའ་ན་ཡང་།།
འཛུམ་བཅས་སྐྱོང་བའི་སྨན་ཞབས་བུ་མོ་བཟང་།།
ཉིན་ལྟར་ཁམས་འདྲི་འཛུམ་པའི་ཞལ་བཟང་ངོམ།།
བྱམས་པའི་ཕྱག་གིས་གཙང་ཙོག་ཡོད་ཚད་ཕྱིས།།
སྙན་པའི་ངག་གི་སེམས་གསོ་ཡང་ཡང་བྱེད།།
སྨན་ཞབས་བུ་མོའི་ཚེ་རབས་བདེ་བར་ཤོག།
ཆེ་འདོད་མེད་པར་རྒན་གཞོན་མ་ལུས་སྐྱོང་།།
ང་རྒྱལ་མེད་པར་སྤྲང་ཕྱུག་མཉམ་པར་སྐྱོང་།།
གང་ལའང་ཐུག་རུང་འཛུམ་མདངས་དམ་བཅའ་བརྟན།།
སྨན་ཞབས་བུ་མོའི་ཁྱད་ཆོས་འདི་ལ་འཚེངས།།
ཁ་ལུད་སྣ་ལུད་ཡོངས་རྫོགས་བརྩེ་བས་ཕྱིས།།
གསང་སྤྱོད་རྒྱས་བསྡུས་མ་ལུས་གཙང་བར་བྱེད།།
སྣག་ཁྲག་ལ་སོགས་འཛུམ་གྱིས་ཕྱིས་བྱས་ཤིང་།།
སྨན་ཞབས་བུ་མོས་ནད་པ་རབ་ཏུ་བསྐྱངས།།
དཀོན་མཆོག་ཞེས་པའི་ལྷ་ཞིག་ཡོད་སྲིད་ན།།
སྨན་ཞབས་བུ་མོ་རྣམས་ལ་བྱིན་གྱིས་རློབས།།
དམ་ཆོས་ཞེས་པ་བསླུ་བ་མེད་སྲིད་ན།།
སྨན་ཞབས་བུ་མོ་རྣམས་ལ་འབྲས་བཟང་སྩོལ།།
ཉིན་མཚན་བཅུ་ཙམ་སྨན་ཁང་གྲུ་བཞི་ནང་།།
ན་རུང་ཚ་རུང་སྨན་ཞབས་བུ་མོ་ཚོས།།
སྐྱིད་སྡུག་སྣང་བ་ཡལ་བའི་ངང་ཞིག་ལ།།
རབ་ཏུ་བསྐྱལ་བས་ཁྱེད་རྣམས་ངོ་མཚར་ཆེ།།
ཐོབ་དང་གོ་ས་གླ་ཕོགས་ཆུང་ན་ཡང་།།
སྨན་ཞབས་བུ་མོ་སྨན་པ་བརྒྱ་ལས་ལྷག།།
མིང་དང་གྲགས་པ་ལ་སོགས་མེད་ན་ཡང་།།
སྨན་ཞབས་བུ་མོ་བླ་དཔོན་སྟོང་ལས་ལྷག།།
གཙང་ཙོག་མེད་པར་བྱམས་བརྩེས་སྐྱོང་ལུགས་འདིས།།
སྨན་ཞབས་བུ་མོ་དྲིན་ཆེན་མ་དང་འདྲ།།
ཉིན་ལྟར་འཛུམ་པའི་ཞལ་བཟང་ངོམ་པ་འདིས།།
སྨན་ཞབས་བུ་མོ་དྲིན་ཆེན་ཕ་དང་འདྲ།།
སྨན་སྦྱོར་བྱེད་དང་ཁ་ཟས་བསྟེར་བ་དང་།།
གསང་ཆབ་དོར་རོགས་གཟུགས་པོ་འཁྲུད་རོགས་དང་།།
མལ་གདན་གཙང་སོགས་ཉིན་མཚན་དུས་དྲུག་ཏུ།།
སྐྱོང་མཁན་སྨན་ཞབས་བུ་མོ་བཅུ་ཕྲག་ལྷག།
བདག་ལ་བཀའ་དྲིན་ཅན་རྣམས་སྐྱིད་པར་ཤོག།
སྨན་ཞབས་བུ་མོ་ཁྱེད་རྣམས་བདེ་བར་ཤོག།
ཚེ་རབས་ཀུན་ཏུ་སེམས་མ་ཆེན་མོ་ཡི།།
ངོ་མཚར་ནམ་མཁའི་མཐའ་དང་མཉམ་པར་ཤོག།
ཞེས་ ༢༠༢༡/༠༦/༡༠ ཉིན་ལྷོ་རི་བ་ཀརྨ་དབང་རྒྱལ་སྒྱུ་ལུས་འབྱུང་འཁྲུགས་དུས་སུ། སྨན་ཞབས་བུ་མོ་རྣམས་ཀྱིས་བྱམས་བརྩེས་བསྐྱངས་པ་ལྷང་ལྷང་དྲན་པའི་མོད། ནུབ་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིའི་སྨན་ཁང་དུ་བྲིས་པའོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-སྨན་ཞབས་བུ་མོ་རྣམས་ལ་བདེ་བར་སྨོན་པ་དྲང་སྲོང་རྒན་པོའི་ཐ་ཚིག
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།