རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 10 June 2021

༄༅། །འཇུ་མི་ཕམ་པའི་ལྟ་གྲུབ་ཀྱི་ཁ་ཕྱོགས།

རྨིས་པ། (བོད།)



ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི། སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ། དང་ཐོག་བཀའ་བསྡུ་མཛད་པ་དང་། བར་དུ་ཐེག་པ་ཆེན་པོ་གསར་དུ་དར་བའི་གནས་བབས་དེ་གཉིས་ཀྱིས་གཙོས་པའི་རྐྱེན་བྱས་ཏེ། རྩོད་ཉོག་སྣ་མང་གི་འཕེལ་ཁ་རྒྱུན་ཆད་མ་མྱོང་བའི་ཆོས་ལུགས་ཤིག་ཡིན་ཏེ། དཔེར་ན། རྒྱ་གར་ལྟ་བུ་ལ་མཚོན་ན། སྟོན་པ་སྐུ་འདས་པའི་རྗེས་སུ་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ནས། སོ་སོའི་བར་དུ་ལྟ་གྲུབ་མི་འདྲ་བའི་གླེང་གཞི་བྱུང་བ་དང་། དེ་ནས་སྟོན་པ་མྱ་ངན་འདས་ནས་ལོ་དྲུག་བརྒྱ་བདུན་བརྒྱའི་སྐབས། ཐེག་ཆེན་གསར་དུ་དར་ནས་ཐེག་པ་ཆེ་ཆུང་གི་རྩོད་གཞི་དང་། ཐེག་པ་ཆེན་པོ་ལ་ཡང་བཀའ་བར་མཐའའི་རྩོད་གཞི། བཀའ་བར་པ་ལ་ཡང་ཐལ་རང་གི་རྩོད་གཞི་སྟེ། འདི་འདྲའི་ནང་ཁུལ་དུ་ཡང་བརྗོད་ཚུལ་མི་འདྲ་བའི་གླེང་གཞི་རེའི་སྟེང་ནས་ཀྱང་། ཉིན་དང་མཚན་དུ་རྩོད་པའི་ཁུལ་ལེན་མཁན་གྱི་ཕྱོགས་ཁག་ཀྱང་མང་དུ་རྒྱས་པ་རེད། དེ་དང་བསྟུན་ནས་བོད་ཁམས་སུ་ཡང་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་སྟེ། ཧྭ་ཤང་དང་རང་རྒྱུད་པའི་རྩོད་པ། ཐལ་འགྱུར་པ་དང་ཇོ་ནང་པའི་བར་གྱི་རྩོད་པ་སོགས་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་ཏུ་མ་གྱེས་པ་དང་གྱེས་པའི་དུས་སྐབས་དེ་དག་ལ་ལྟ་གྲུབ་སྣ་ཚོགས་ཀྱི་འཐེན་འཁྱེར་རྒྱུན་ཆད་མ་མྱོང་བར་བྱུང་དང་འབྱུང་བཞིན་པ་རེད། དེ་ལྟར་ལྟ་གྲུབ་སྣ་ཚོགས་ཀྱིས་མགོ་ཉོག་ཅིང་རང་ལམ་གསལ་ཐག་ཆོད་པ་ཞིག་མི་རྙེད་པའི་དུས་ཚོད་འདི་འདྲ་ལ། བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བའི་ཁྲོད་ནས་འཇུ་མི་ཕམ་པའི་ལྟ་གྲུབ་ཀྱི་ཁ་ཕྱོགས་ནི། སྤྱི་ལ་ཕན་པའི་ལམ་ལུགས་ལྟ་བུ་ཞིག་ཏུ་འདུག་ཨང་སྙམ་ནས། འདིར་ཁོང་གི་ལྟ་གྲུབ་ཁ་ཤས་ཀྱི་སྐོར་ཉུང་ཙམ་ཞུ་བར་འདོད།


བཀའ་བར་མཐའ་དགོངས་པ་གཅིག་པའི་ལྟ་གྲུབ།

   དེ་ལ་ཕྱིས་སུ་སངས་རྒྱས་ཀྱི་གསུང་དུ་བགྲང་བའི་བཀའ་བར་མཐའ་གཉིས་ནི། སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་དུས་ཀྱི་འཁོར་རྣམས་ཀྱི་ངག་རྒྱུན་ལ་བརྟེན་ནས། ཕྱོགས་བསྡུས་བྱས་པའི་བཀའ་དང་པོ་ལས་ཀྱང་ཟབ་པར་ཐེག་ཆེན་འཛིན་མཁན་སྤྱིས་འཆད་ལ། འོ་ན་བཀའ་བར་མཐའ་གཉིས་ཀྱི་བརྗོད་བྱ་གང་ཟབ་བམ། བཀའ་བར་མཐའ་གཉིས་ལས་གང་ལ་བརྟེན་ན། དོན་དངོས་ཀྱི་ཐར་པ་རྣམ་དག་ཅིག་འཐོབ་ཐུབ་བམ་ཞེས་པའི་དྲི་བ་འདི་ལ། རྒྱ་བོད་ཀྱི་འགྲེལ་བཤད་པ་མང་པོའི་ལྟ་ཚུལ་མ་མཐུན་པར། དྲང་ངེས་ཀྱི་རྣམ་གཞག་འབྱེད་སྟངས་ཀྱི་རྩོད་པ་མི་འདྲ་བ་མང་དུ་བྱུང་བ་རེད། དེ་དག་ལས། འགའ་ཞིག་གིས་བཀའ་མཐའ་མ་ངེས་དོན་དང་བར་པ་དྲང་དོན། ལ་ལས་བར་པ་ངེས་དོན་དང་མཐའ་མ་དྲང་དོན་དུ་བཞེད་ཅིང་། དེ་གཉིས་རྣམ་ཀུན་འགལ་འདུའི་བརྗོད་བྱ་ཅན་གཉིས་སུ་འདོད་པ་ཧ་ཅང་མང་སྟེ། བོད་དུ་རི་བོ་དགེ་ལྡན་པ་དང་དཔལ་ལྡན་ཇོ་ནང་པ་བཞིན་ནོ།།

   གལ་ཏེ་བཀའ་དེ་གཉིས་ཀྱིས་བསྟན་པའི་ཐབས་ལམ་ནི། དེ་འདྲའི་འགལ་འདུ་ཅན་གྱི་བརྗོད་བྱ་གཉིས་ཡིན་ན། བཀའ་བར་མཐའ་གཉིས་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་བཞིན་པའི་ཕྱོགས་ཁག་དེ་གཉིས་ལས། གཅིག་ནི་ངེས་པར་དུ་ལོག་ལམ་དུ་སྐྱོད་བཞིན་ཡོད་པ་ལྟར་དགོས་ན་ཡང་། དེ་འདྲ་ཤིན་ཏུ་སྨྲར་མི་བཏུབ་པས་ན། ཕྱིས་སུ་ད་ནས་བརྩིས་པའི་ཉེ་བའི་ལོ་བརྒྱ་དང་དགུ་ཙམ་གྱི་སྔོན་དུ། བོད་ཀྱི་ཁམས་ཕྱོགས་ཀྱི་ས་ཆར་སྐུ་བལྟམས་པའི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས། བཀའ་བར་མཐའ་གཉིས་ལ་འདོར་ལེན་གྱི་རྣམ་གཞག་མེད་པར། གཉིས་ཀ་ངེས་དོན་དུ་བཞེད་དགོས་པའི་ལྟ་ཚུལ་གསར་དུ་བཏོན་པ་དང་། དེ་ནི་ཁོང་གིས་རང་བཟོ་མིན་པར་སྔ་འགྱུར་བའི་བརྒྱུད་པའི་སློབ་དཔོན་དམ་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་དགོངས་བཞེད་ཡིན་པར་ཡང་བསྟན་ཡོད་པ་རེད།


   དེ་ཡང་ཇི་ལྟར་ན། འདིར་ཞིབ་ཆ་དང་དགག་བཞག་སོགས་ཀྱི་རྒྱས་སྤྲོས་བསྐྱུར་ནས། «བདེ་གཤེགས་སྟོང་ཐུན་སེང་གེའི་ང་རོ་»ཞེས་པའི་ཁོང་གི་བརྩམས་ཆོས་དེའི་གཞུང་ཚིག་ཉུང་བསྡུས་ཤིག་གིས་གྲལ་དག་པའི་སྒོ་ནས་སྣེ་ལེན་བྱས་ན། འདིའི་སྐོར་གྱི་ལྟ་ཚུལ་རགས་བསྡུས་ཤིག་རྟོགས་ཐུབ་པས། འདིར་ཁོང་གི་གཞུང་ཚིག་ཅིག་འགོད་ན། «བདེ་གཤེགས་སྟོན་ཐུན་སེང་གེའི་ང་རོ་»ལས། དེས་ན་འཁོར་ལོ་བར་པར་བསྟན་པའི་སྟོང་པ་ཉིད་དང་། མཐའ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། འཁོར་ལོ་བར་པ་དང་མཐའ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་གསལ་མེད་པར། གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་འདི་ཁོ་ནར་གཟུང་བར་བྱ་སྟེ། དེ་གཉིས་གཅིག་ངེས་དོན་བྱས་ན་གཅིག་དྲང་དོན་བྱ་དགོས་པའི་འགལ་བ་མེད་པར་མ་ཟད། ཟུང་དུ་ཚོགས་པར་བྱས་ནས་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ་རྒྱུ་རྒྱུད་ཀྱི་དོན་དུ་བྱས་ནས། རྡོ་རྗེ་ཐེག་པའི་མན་ངག་གི་གནད་འབྱུང་བས། སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། མཐར་ཐུག་གི་དོན་འདི་ལ་ཀླུ་ཐོགས་རྣམ་གཉིས་སོགས་འཕགས་པ་རྣམས་དགོངས་པ་གཅིག་སྟེ། ཆོས་དབྱིངས་བསྟོད་པ་དང་སེམས་འགྲེལ་ལ་སོགས་དང་། རྒྱུད་བླ་མའི་འགྲེལ་པ་སོགས་ཀྱིས་གསལ་བར་རྟོགས་པའི་ཕྱིར་རོ། །ཞེས་གསུངས་པའི་གཞུང་ཚིག་ཐུང་ཐུང་འདི་ལས་ཁོང་གི་དགོངས་བཞེད་ཀྱི་ཁ་ཕྱོགས་ཏོག་ཙམ་གོ་ཐུབ་སྟེ། དེ་ཡང་གནད་དུ་དྲིལ་ན། བཀའ་བར་པའི་སྐབས་ནས་བདེན་པ་གཉིས་པོ་ཡང་སྐྱེ་མེད་དང་མཚན་མེད་དུ་བསྟན་ཡོད་པ་དང་། མཐའ་མའི་སྐབས་ནས་གཙོ་བོར་བདེ་གཤེགས་སྙིང་པོ་སྣང་བ་འོད་གསལ་བའི་ཡེ་ཤེས་སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་ཆས་ནས་ཡོད་པར་བསྟན་པ་གཉིས་ཀ་ཡང་། བདག་ཅག་གི་སྟོན་པས་ཇི་ལྟར་གསུངས་པ་བཞིན་རང་སོར་བཞག་ནས་ཁས་ལེན་ཐུབ་པ་དང་། དོན་དམ་བདེན་པ་དངོས་གནས་ཡིན་པ་ལ་དེ་གཉིས་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། དེ་གཉིས་སྟོན་པའི་བཀའ་བར་མཐའ་གཉིས་ཀྱང་ངེས་དོན་དོན་དམ་བདེན་པ་སྟོན་པའི་གཞུང་དུ་འདོད་དགོས་པར་གསུངས་ཡོད། དེ་དག་གི་ཞོར་དུ་བཀའ་བར་མཐའ་གཉིས་ཀྱི་དགོངས་པ་ནི། རྒྱུ་རྡོ་རྗེ་ཐེག་པའི་བསྟན་དོན་མཐར་ཐུག་ཀྱང་ཡིན་པར་གསུངས་ནས། མདོ་སྔགས་གཉིས་ཀྱང་དགོངས་པ་གཅིག་ཏུ་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་གསུངས་ཡོད་དོ།།


   གསུང་ཚུལ་འདི་ལྟར་བྱས་ན། རྩ་བ་ཤེས་རབ་འགྲིག་ཡོད་ན་རྒྱུད་བླ་མ་འགྲིག་མེད་པ་དང་། ཟླ་བ་གྲགས་པ་འགྲིག་ཡོད་ན་འཕགས་པ་ཐོགས་མེད་འགྲིག་མེད་པ་ལྟ་བུར། བཀའ་བར་མཐའི་དགོངས་པ་ནི་མེ་ཆུ་ལྟ་བུ་མིན་པར། གནས་སྐབས་སུ་སོ་སོས་གྲུབ་མཐའ་རེ་རྩལ་འདོན་བྱེད་ཚུལ་གྱིས་དགག་བཞག་གི་བློ་གྲོས་རྒྱ་བསྐྱེད་པ་ལས། མཐར་ཐུག་གི་ཉམས་ལེན་དང་འཐོབ་བྱ་ལ་ཕུགས་དེད་ནས་མཛུབ་མོ་བཙུགས་ན་གནད་འབབ་ས་གཅིག་ལ་ཁེལ་ཡོད་པས་ན། བཀའ་བར་མཐའ་སོ་སོ་ལ་ཉམས་ལེན་གྱི་བློ་གཏད་བཅོལ་བཞིན་པའི་ཆོས་པ་དག་ཀྱང་། རང་རང་གི་ཉམས་ལེན་ལ་དགའ་སྤྲོའི་ངང་ནས་འཇུག་ཐུབ་པའི་དགོས་པ་ཆེན་པོ་ཡོད་ལ། དེ་ལྟར་བཀའ་བར་མཐའ་གཉིས་ལས་འཕྲོས་པའི་རྩོད་ཉོག་སྣ་ཚོགས་ཀྱིས་རང་གི་ཀླད་པ་དཀྲུགས་པ་དང་། དགག་པའི་ཚིག་ཆེན་པོས་གཞན་ལ་འདི་ཡིན་དང་འདི་ནོར་གྱི་སྒྲོ་འདོགས་དང་སྐུར་འདེབས་བྱེད་པའི་འགལ་འདུ་ཡོངས་སུ་སྤངས་ནས། བཀའ་བར་མཐའ་གཉིས་ཀ་ངེས་དོན་དང་གཉིས་ཀ་དགོངས་པ་གཅིག་ཏུ་བསྒྲུབ་པ་ནི། འཇུ་མི་ཕམ་པའི་ལྟ་གྲུབ་ཀྱི་ཁ་ཕྱོགས་ཐུན་མོང་མིན་པ་ཞིག་གོ།


   སྤྱིར་སྔོན་ཆད་རྒྱ་གར་གྱི་ཡུལ་དུ་བྱོན་པའི་སློབ་དཔོན་རྣམས་ཀྱི་གཞུང་དུ་མཇལ་བ་ཡིན་ན། བཀའ་བར་པ་དང་མཐའ་མ་གཉིས་སམ། ལྷག་པར་དུ་ཀླུ་སྒྲུབ་ཀྱི་བརྩམས་ཆོས་རིགས་ཚོགས་ཀྱི་དགོངས་པ་དང་བྱམས་པ་དང་ཐོགས་མེད་གཉིས་ཀྱི་གསུང་གི་དགོངས་པ་དེ་དག་ལ་ཟབ་མི་ཟབ་ཀྱི་ཁྱད་མེད་པ་ནི། སློབ་དཔོན་ཆོས་སྐྱོང་དང་དེའི་རྗེས་འབྲང་ཁ་ཤས་ཀྱིས་བཞེད་ཀྱིན་ཡོད་པ་འདྲ་མོད། ཡིན་ཡང་འདི་དང་འཇུ་མི་ཕམ་པའི་བཞེད་པའི་གཏད་སོ་མི་གཅིག་སྟེ། སློབ་དཔོན་ཆོས་སྐྱོང་གིས་བཀའ་བར་མཐའི་དགོངས་པ་ལ་ཟབ་མི་ཟབ་མེད་པར། བཀའ་བར་པའི་དགོངས་པ་ཡང་བཀའ་མཐའ་མའི་གཉིས་སྟོང་དོན་དམ་པར་ཡོད་པར་སྨྲ་བའི་སེམས་ཙམ་པའི་ལྟ་བ་ལ་བཀྲལ་བ་དང་། འཇུ་མི་ཕམ་པས་བཀའ་མཐའ་མའི་དགོངས་པ་མཐར་ཐུག་ཀྱང་བཀའ་བར་པའི་དགོངས་དོན་ཏེ། སློབ་དཔོན་ཟླ་བ་གྲགས་པའི་བཞེད་ཚུལ་ལྟར་ཡང་བཀྲལ་ཆོག་པར་བཞེད་པས་སོ།།


   དེ་ལྟར་འཇུ་མི་ཕམ་པས་ནི། བཀའ་བར་མཐའི་དགོངས་པ་མཐར་ཐུག་ནི་སེམས་ཙམ་བདེན་གྲུབ་སྨྲ་བ་ལ་མི་གཏུགས་ཤིང་། བཀའ་བར་མཐའ་གཉིས་ཀྱི་དགོངས་པ་གཅིག་པ་ཡིན་ཡང་། དེ་གཉིས་ལ་སོང་ཚོད་དང་རློམ་ཚོད་ལྟ་བུའི་དྲང་ངེས་སོགས་སུ་བཞག་པའི་ལྟ་གྲུབ་གཞན་དག་དང་ཡང་མི་འདྲ་བར། ཐད་ཀར་བཀའ་དེ་གཉིས་ཀ་ཡང་གཅིག་གི་དོན་གཅིག་ལ་ཚང་བའི་ངེས་དོན་གྱི་མདོའོ། ཞེས་འཇོག་པའི་ལྟ་གྲུབ་གསར་པ་ཞིག་གི་སྲོལ་ཕྱེས་འདུག་གོ་སྙམ།



ཐེག་ཆེན་པ་རྣམས་དགོངས་པ་གཅིག་པའི་ལྟ་གྲུབ།

   སྤྱིར་ཐལ་རང་གི་རྩོད་གཞི་ཞེས་པ་ནི། ཕལ་ཆེར་དུས་རབས་བདུན་པ་ཡར་མར་ལ་དབུ་བརྙེས་ཏེ། རིམ་བཞིན་ནང་ཆོས་བོད་དུ་དར་བ་དང་མཉམ་དུ་ཐལ་རང་གི་རྩོད་པ་ཡང་བོད་དུ་དར། བོད་ཀྱི་ནང་བསྟན་པ་རྣམས་ཀྱི་སློབ་སྦྱོང་གིས་ཐལ་རང་གི་རྩོད་པ་ཟེར་བ་ཡང་། ཕྱོགས་ཀུན་ནས་རྙོག་འཛིང་ཅན་ཞིག་ཏུ་བསྒྱུར་ཞིང་། དོན་ཡོད་ལ་མེད་ལའི་ངང་ནས་ད་བར་དུ་རང་རང་གི་གྲུབ་མཐའ་བཟོས་ནས་བརྩད་དེ་ཡོང་བ་རེད། དེ་དག་གི་ཁྲོད་དུ་ཐལ་རང་གཉིས་ཀྱི་མཐར་ཐུག་གི་དགོངས་པ་གཅིག་ཏུ་འདོད་མཁན་ཡོད་ལ། མི་འདོད་མཁན་ཡང་ཡོད། གང་ལྟར་འཇུ་མི་ཕམ་པ་ནི། ཐལ་རང་གཉིས་ཀྱི་མཐར་ཐུག་གི་དགོངས་པ་གཅིག་ཏུ་འདོད་མཁན་རེད་ལ། ལྷག་པར་དུ་རང་རྒྱུད་པའི་གཞུང་ནི། ལས་དང་པོ་ལ་ཤིན་ཏུ་བདེ་བའི་ཁྱད་དུ་འཕགས་པའི་གཞུང་ཡིན་པར་འདོད་མཁན་ཡང་རེད།


   སྤྱིར་ཁོང་གི་སྔོན་དུ་ཡང་ཐལ་རང་གི་དགོངས་པ་གཅིག་ཏུ་བཞེད་མཁན་མི་ཉུང་བ་ཞིག་ཡོད་མོད། དེ་དག་དང་ཁོང་གི་ལྟ་ཚུལ་གཉིས་ཁྱོན་ནས་མི་འདྲ་སྟེ། ཁོང་གིས་རང་རྒྱུད་པས་གནས་སྐབས་སུ་རང་མཚན་གྱིས་གྲུབ་པར་བཞེད་པ་དང་། མཐར་ཐུག་ལ་རང་མཚན་གྱིས་གྲུབ་པ་བཀག་པའི་རྣམ་གཞག་དམིགས་བསལ་བ་ཕྱེས་ཡོད་དེ། དེ་ཡང་ཁོང་གིས་བརྩམས་པའི་«སྤྱོད་འཇུག་ཤེས་རབ་ལེའུའི་ཚིག་དོན་རྣམ་བཤད་ནོར་བུ་ཀེ་ཏ་ཀ་»ཞེས་པ་ལས། རང་རྒྱུད་པའི་གཞུང་ཐམས་ཅད་དུ་ནི། མདོ་དང་བསྟན་བཅོས་སུ་གཟུགས་སོགས་མེད་པར་བཀག་པའི་རྣམ་པ་ཐམས་ཅད། བདེན་ཡོད་ཙམ་འགོག་པའི་མེད་རྐྱང་རྣམ་གྲངས་པའི་དོན་དུ་བཤད་པ་མཛད་ནས། དེ་ལས་སླར་མེད་པ་ཉིད་ཀྱང་གནས་ལུགས་མཐར་ཐུག་གི་དོན་དུ་མི་བཞེད་དེ། རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་དང་། བདེན་གཉིས་ལས། ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པ་བཞིན་ནོ། །དེ་ལྟ་ན་ཡང་གནས་སྐབས་ལམ་གཏན་ལ་འབེབས་པའི་སྐབས་སུ་དོན་དམ་པར་སྐྱེ་བ་མེད་ཀྱང་ཀུན་རྫོབ་ཏུ་སྐྱེ་བ་ལྟར་སྣང་བ་འགོག་མི་ནུས་པས། ཆོས་རྣམས་ནི་ཀུན་རྫོབ་ཏུ་རང་གི་མཚན་ཉིད་འཛིན་པར་ཐ་སྙད་དཔྱོད་པའི་ཚད་མས་གྲུབ་ཅིང་། དེ་སྣང་བ་ལྟར་དོན་དམ་པར་མ་གྲུབ་པས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ཏེ། དོན་དམ་པར་མེད་ལ་ཀུན་རྫོབ་པར་བསླུ་མེད་དུ་ཡོད་དོ་ཞེས་འཆད་པར་བྱེད་དེ། ཞེས་གསུངས་པའི་གཞུང་ཚིག་འདི་ཉིད་ལ་མཇལ་ན། ཁོང་གིས་རང་རྒྱུད་པའི་གྲུབ་མཐའ་འཇོག་ཚུལ་གྱི་རྣམ་བཞག་ཕྱོགས་ཙམ་རྟོགས་ངེས་པས། གཞུང་ཚིག་འདི་དེ་ལྟར་གཞག་རྒྱུ་ལས་འགྲེལ་བཤད་མང་པོའི་སྤྲོས་པ་མི་བགྱི་སྟེ། སྤྲོ་བ་འདུག་ན་ཁོང་གི་གཞུང་དངོས་ལ་མཇལ་བར་བྱའོ།།


    དེ་ལྟར་ཁོང་གིས་ཐལ་རང་གཉིས་མཐར་ཐུག་གི་དགོངས་པ་གཅིག་ཏུ་འདོད་པར་མ་ཟད། ཐེག་ཆེན་སེམས་ཙམ་པའི་དགོངས་པ་དང་དབུ་མ་པའི་དགོངས་པ་ཡང་མཐར་ཐུག་ལ་མཐུན་པའི་དགོངས་ཚུལ་བཏོན་ཡོད་དེ། དེ་ཡང་ཁོང་གི་གཞུང་ལས་ལྟ་ཚུལ་འདི་ཉིད་ཀྱི་སྤྱི་ཙམ་མཇལ་ན། ཁོང་གི་བརྩམས་ཆོས་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ཞེས་པ་ལས། དེ་ཡང་སེམས་ཙམ་པའི་ལུགས་འདིས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞན་དུ་མེད་པར་སྨྲ་ཞིང་། སྣང་གཞི་གཞན་དབང་གི་རྣམ་ཤེས་གསལ་རིག་ཙམ་རྫས་སུ་ཡོད་པར་འདོད་པ་ཡིན་ལ། འདོད་ཚུལ་དེའི་ཞེ་འདོད་མཐར་དེད་ན། ཤེས་བདེ་ཐ་སྙད་ཐམས་ཅད་སྣང་བའི་རྒྱུ་ཡིན་པས་རྫས་ཡོད་ཙམ་དུ་འདོད་པ་ལས། དོན་དམ་བདེན་གྲུབ་ཀྱི་རྫས་ཡོད་དུ་མི་འདོད་ན། དབུ་མའི་ལུགས་དང་འགལ་བ་གང་ཡང་མེད་ལ། ཞེས་དང་། སེམས་ཙམ་ཡིན་ཚུལ་ཀྱང་གནས་དོན་ལུས་སུ་སྣང་བའི་གཟུང་འཛིན་གཉིས་སྣང་གི་རྒྱུ་ཀུན་གཞིའི་རྣམ་ཤེས་ཐ་སྙད་དུ་རྫས་སུ་ཡོད་པར་བཞེད་ཀྱང་། དེ་གཉིས་སུ་མ་གྲུབ་བཞིན་སྣ་ཚོགས་སུ་སྣང་བ་ཡིན་པས་སྒྱུ་མ་ལ་སོགས་པ་དང་འདྲ་བར་གསུངས་པས་ན། ལུགས་འདིས་གཉིས་སྟོང་གི་ཤེས་པ་དེ་བདེན་གྲུབ་ཀྱི་དངོས་པོ་དང་མཚན་མ་མེད་པར་ཤིན་ཏུ་རྟོགས་རིགས་པའི་ཕྱིར། དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་མཐར་ཐུག་གི་དགོངས་པ་མཐུན་པར་བཟུང་ངོ་། །ཞེས་སོགས་སེམས་ཙམ་པས་གཉིས་སྟོང་གི་ཤེས་པ་བདེན་མེད་དུ་རྟོགས་རིགས་པའི་རྒྱུ་མཚན་གཉིས་ཙམ་བཀོད་ཡོད་པ་དང་། དེ་བས་དབུ་སེམས་གཉིས་ཀྱང་མཐར་ཐུག་གི་དགོངས་པ་མཐུན་པར་འོང་བའི་དོན་དང་ལྡན་པའི་ལྟ་ཚུལ་གསར་པ་ཞིག་གི་སྲོལ་ཕྱེས་ཡོད་པའོ།།


   དེ་ལྟར་ཐལ་རང་གི་དགོངས་པ་གཅིག་ཏུ་བསྒྲུབས་པ་དང་། དབུ་སེམས་གཉིས་ཀྱི་དགོངས་པ་གཅིག་ཏུ་བསྒྲུབས་པ་འདི་ཡང་། འཇུ་མི་ཕམ་པ་ཁོང་གི་ཐུན་མིན་གྱི་ལྟ་བའི་ཁ་ཕྱོགས་ཤིག་ཏུ་འོང་ལ། འདི་ཡང་དོན་མེད་ཀྱི་རྩོད་ཉོག་སྣ་ཚོགས་སྤོང་དགོས་པའི་སྐུལ་མ་དོན་དང་ལྡན་པ་ཞིག་ཀྱང་མིན་ནམ་སྙམ།


   འདི་འདྲ་བའི་ཁོང་གི་གསུང་རྩོམ་འགའ་ལ་མཇལ་ནས། སླར་ཡང་ཁོང་གི་ཐུན་མིན་གྱི་ལྟ་བའི་ཁ་ཕྱོགས་ཤིག་མཐོང་ཡོང་བ་ནི། སྤྱིར་གསང་ཕུ་ཆོས་གྲྭའི་གདན་རབས་ནས་དབུ་བཟུང་སྟེ། བོད་ཀྱི་ལུང་པ་ཆུང་ཆུང་འདིའི་ནང་དུ་སངས་རྒྱས་ཀྱི་ལྟ་གྲུབ་སྨྲ་བ་མང་དུ་བྱོན་ཞིང་། དེ་དག་གིས་ཀྱང་རང་རང་གིས་མོས་པའི་སངས་རྒྱས་ཀྱི་ལྟ་བའི་ཆོས་སྲོལ་མི་འདྲ་བ་རེ་གདམས་གསེས་བྱས་ནས། སོ་སོའི་སྐུ་ཚེའི་ནང་དུ་ལྟ་གྲུབ་དེ་དག་རྒྱུན་སྐྱོང་དང་རྩལ་འདོན་བྱས་པ་རེད། དཔེར་ན། རྔོག་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་གཙོ་བོ་མངོན་རྟོགས་རྒྱན་གྱི་ལྟ་བ་རྩལ་འདོན་བྱས་པ་དང་། པ་ཚབ་ལོ་ཙ་བ་ཉི་མ་གྲགས་པས་གཙོ་བོ་ཐལ་འགྱུར་པའི་ལྟ་བ་རྩལ་འདོན་བྱས་པ་དང་། ཕྱྭ་བ་ཆོས་ཀྱི་སེང་གེས་རང་རྒྱུད་པའི་ལྟ་བ་གཙོ་ཆེར་རྩལ་འདོན་བྱས་པ་སོགས་ཐུན་མིན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ཡོད། དེ་བཞིན་དུ། དེའི་ཕྱིས་སུ་ཡང་ཀུན་མཁྱེན་དོལ་པོ་པ་སོགས་ཀྱིས་གཞན་སྟོང་གི་ལྟ་བ་རྩལ་འདོན་གནང་བ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པའི་ལྟ་བ་རྩལ་འདོན་དང་། དེའི་རྐྱེན་གྱིས་ཤར་རྒྱལ་བ་བློ་བཟང་གྲགས་པས་ཀྱང་དེ་ལྟར་དུ་མཛད་པ་སོགས་ཀྱི་རྣམ་ཐར་ཤིན་ཏུ་རྒྱས་པོ་ཡོད་པ་བཞིན། འདིར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་ཀྱང་སྐུ་ཚེའི་ནང་དུ་གཙོ་བོ་གལ་ཆེན་མཛད་པའི་གཞུང་དང་ལྟ་བ་ནི། ཅུང་སྔོན་གྱི་སློབ་དཔོན་རྣམས་དང་མི་འདྲ་བར་རང་རྒྱུད་པའི་གཞུང་དང་ལྟ་བ་ཡིན་པ་དང་། དེ་ཡང་ལྷག་ཏུ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞུང་དང་ལྟ་བ་ཡིན་པར་འདོད།


   དེའི་རྒྱུ་མཚན་ནི། ཁོང་གིས་མཛད་པའི་གཞུང་ཀུན་གྱི་ཡང་སྙིང་ལྟ་བུ་ནི། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཡིན་པ་དང་། ཆེས་བསྟོད་བསྔགས་ཕུལ་ཡུལ་གྱི་སློབ་དཔོན་ཡང་མཁན་ཆེན་ཞི་བ་འཚོ་ཡིན་པ་དང་། གཞན་ཁོང་གི་གསུང་རྩོམ་མང་པོའི་སྐབས་སུ་ཡང་། དོན་དམ་པར་མེད་པ་དང་ཐ་སྙད་དུ་ཡོད་ཅེས་པའི་བདེན་གཉིས་ཤན་འབྱེད་པའི་རྣམ་བཞག་ཐལ་འགྱུར་པས་ཀྱང་རྗེས་ཐོབ་ལ་འདོད་དགོས་པས། དེ་ཉིད་གལ་ཆེ་བར་ཡང་ཡང་གསུངས་པ་དང་། ཁོང་གིས་དགུང་ལོ་བདུན་གྱི་སྟེང་ནས་མཛད་པར་གྲགས་པའི། «ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་»ཞེས་པའི་གཞུང་ལས་ཀྱང་། དང་པོའི་ལས་ཅན་འཇུག་པའི་སྒོ། །གོལ་འཆུགས་མེད་པ་འདི་ཡིན་ན། །དང་པོ་ནས་དེ་སྤོང་ཞེས་པ། །བདུད་ཀྱི་གསང་ཚིག་བཀྱེ་བ་ཡིན། །ཞེས་རང་རྒྱུད་པ་རྣམས་ཀྱིས་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་རྩལ་འདོན་མཛད་ཀྱིན་པའི་ལྟ་བ་དེ་ནི། ལས་དང་པོ་པ་རྣམས་སྤྲོས་བྲལ་ལ་འཇུག་པའི་སྒོ་ལྟ་བུར་གལ་ཆེ་བ་ཡིན་པར་ནན་ཏན་གྱིས་སྒྲུབ་བཞིན་ཡོད་པ་དང་། དེ་ཡང་ལྷག་ཏུ་ཁོང་གི་མདོ་སྐོར་གྱི་གསུང་ཆོས་ཕལ་ཆེ་བ་སྟེ། བརྒལ་ལན་རྣམ་གཉིས་ལྟ་བུའི་ནང་དུ་རིགས་པ་སྨྲ་བ་གཞན་དང་རིགས་ལམ་གྱིས་དཔྱད་བསྡུར་བྱེད་པའི་ཚེ། རང་རྒྱུད་པའི་ལྟ་གྲུབ་འཛིན་པ་ལྟར་དོན་དམ་ལ་ཁྱད་ཕྱེས་ནས། རྣམ་གྲངས་པའི་དོན་དམ་ནི་དམིགས་བཅས་ཀྱི་བློའི་ཡུལ་ཡིན་པ་དང་། རྣམ་གྲངས་མིན་པའི་དོན་དམ་ནི་དམིགས་བཅས་ཀྱི་བློའི་ཡུལ་མིན་པར་གསུངས་པ་ལྟ་བུར། ཆོས་ཉིད་དོན་དམ་བདེན་པ་ལ་རྣམ་གྲངས་མིན་པའི་དོན་དམ་ཞེས་པའི་བརྡ་རྒྱུན་དུ་སྦྱར་བཞིན་ཡོད་པ་ལ་མཇལ་ན། ཁོང་ཉིད་རང་རྒྱུད་པ་ཡིན་པར་གསལ་ཏེ། དེ་འདྲའི་ཐ་སྙད་ཀྱི་རྣམ་གཞག་ཀྱང་རང་རྒྱུད་པའི་ལྟ་གྲུབ་ལས་མ་གཏོགས་མི་འབྱུང་བ་ཁོང་ཉིད་ཀྱི་ཞལ་ནས་གསུངས་ཡོད་དོ།།


   དེ་ལྟར་ཡིན་ན་ཁོང་གི་ལྟ་བ་ཐལ་འགྱུར་ལས་དམན་པར་འགྱུར་རོ་སྙམ་དུ་མི་བསམ་སྟེ། ཁོང་གི་ལུགས་ལ་ཐལ་རང་གཉིས་ཀྱི་ལྟ་བའི་བབས་སོ་གཅིག་ཏུ་གནས་པ་ནི། རང་རྒྱུད་པས་ཀྱང་ཐོག་མར་ཆོས་ཀུན་སྐྱེ་མེད་དུ་གཏན་ལ་ཕབས། དེ་ནས་སྐྱེ་མེད་དེ་ཡང་མ་གྲུབ་པའི་མཐའ་བཞིའི་སྤྲོས་བྲལ་རིགས་པས་ཡང་དག་པར་སྒྲུབ་ཀྱིན་ཡོད་པ་ནི། གོང་དུ་དྲངས་པའི་ལུང་ལ་བལྟས་ན་ཤེས་ཐུབ་པ་ཡིན།


   དེ་ལྟར་ཡིན་ན། བོད་ཀྱི་ལུང་པ་འདིའི་ནང་དུ་རང་རྒྱུད་པའི་ལྟ་བ་གཙུག་ཏུ་བཀུར་ནས། རྩལ་འདོན་བྱེད་མཁན་གྱི་སློབ་དཔོན་ལ་རྣམ་པ་གཉིས་ཙམ་བྱུང་མྱོང་ཡོད་དེ། གཅིག་ནི་སློབ་དཔོན་ཕྱྭ་པ་ཆོས་སེང་དང་། གཅིག་ནི་འཇུ་མི་ཕམ་པ་རྣམ་གཉིས་རེད་ཅེས་སྨྲས་ན་མི་ཆོག་པ་མེད། རེད་དེ། ཁོང་རྣམ་གཉིས་ཀྱིས་རང་རྒྱུད་པའི་ལྟ་བ་འཛིན་ཚུལ་ནི་ཁྱོན་ནས་མི་འདྲ་སྟེ། སློབ་དཔོན་ཕྱྭ་པ་ཆོས་སེང་གིས་རང་རྒྱུད་པའི་ལྟ་བ་མེད་རྐྱང་ཙམ་གྱི་ལྟ་བ་ལ་བཞེད་པ་དང་། འཇུ་མི་ཕམ་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་དངོས་གནས་པ་ཟེར་ན་འདྲ། མདོ་སྔགས་གཉིས་ན་དེ་ལས་དབུགས་དབྱུང་དུ་མེད་པའི་དོན་དམ་དེ་ནི། རང་རྒྱུད་པའི་ལྟ་བའམ་ལྟ་ཡུལ་མཐར་ཐུག་ཏུ་བཞེད་ཀྱིན་ཡོད་པས་སོ།།


   འདི་ལྟར་བལྟས་ན་འཇུ་མི་ཕམ་པས་ནི། ཐལ་རང་གཉིས་ཀྱི་མཐར་ཐུག་གི་དགོངས་པ་གཅིག་པའི་ལྟ་གྲུབ་གསར་པ་ཞིག་གི་དབུ་བཙུགས་པ་དང་། དེ་ཡང་ཁོང་གིས་དེ་ཉིད་རྒྱ་ཆེར་རྩལ་འདོན་བྱེད་པའི་ཆོས་སྲོལ་གསར་པ་ཞིག་གི་སྒོ་ཡང་ལེགས་པར་ཕྱེས་སོ་ཞེས་སྨྲ་བར་འདོད་དེ། འདི་ནི་ང་རང་འཇུ་མི་ཕམ་པའི་གསུང་རྩོམ་ལ་འཇུག་པའི་ཁྲོད་ཀྱི་བསམ་ཚུལ་ཙམ་ཞིག་ཡིན་པ་ལས་གཞན་ཅི་ཡང་མིན།



ཆོས་བརྒྱུད་ཁག་དགོངས་པ་གཅིག་པའི་ལྟ་གྲུབ།

   ང་ཚོ་བོད་ཀྱི་ཡུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་བརྙེས་པ་ནས་ལུང་པ་ཆུང་ཆུང་འདིའི་ནང་གི་ཆབ་སྲིད་དང་། དཔལ་འབྱོར་སོགས་འཚོ་བའི་ཕྱོགས་ལ་འགལ་འདུ་སྣ་ཚོགས་ཀྱི་ཉམ་ཉེས་བྱུང་ཡོད་སྲིད་མོད། ད་ལྟ་ང་ཚོས་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ནས་གཞན་ལ་ངོམ་ཆོག་ཆོག་གི་མི་སྣ་རེ་ཟུང་རེ་བཙལ་ན། སྒལ་ཚིགས་བྲག་ལ་སྦྱར་བའི་སྒོམ་སྒྲུབ་པ་དང་། མི་ཚེ་ཤོག་མཐའ་ནས་རྒས་པའི་སྐྱེས་བུ་དམ་པ་མང་པོ་ཞིག་ཀྱང་། ཕལ་ཆེར་ནང་ཆོས་ཀྱིས་གཉོར་སྐྱོང་བྱས་ནས་ཡོང་བ་རྐྱང་རྐྱང་རེད། དེ་ལྟར་ཡིན་ན། འཇུ་མི་ཕམ་པའི་སྔོན་དུ་ཡང་། བོད་ཁམས་སུ་ནང་ཆོས་ཀྱི་བསམ་བློ་ཡངས་པའི་མི་སྣ་མང་པོ་བྱུང་མྱོང་ཡོད་ལ། རིས་མེད་ཀྱི་ནང་ཆོས་ལ་ལྷག་བསམ་རྣམ་པར་དག་པའི་ཆོས་བརྒྱུད་ཁག་གི་བསྟན་འཛིན་གྱི་སྐྱེས་བུ་ཡང་མང་པོ་བྱོན་མྱོང་ཡོད། རེད་དེ། ཁོང་རྣམ་པས་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཆ་ཚང་སྟོན་པ་གཅིག་གི་མཐར་ཐུག་གི་བཞུད་ལམ་སྙེག་མཁན་རྐྱང་རྐྱང་ཡིན་པས། མཐར་ཐུག་གི་གནས་ལམ་ཡང་གཅིག་པ་ཡིན་པའི་དོན་དངོས་དགོངས་ནས་ཡོད་ན་ཡང་། སྐུ་ཚེ་དེར་ཁོང་རྣམ་པས་ནང་བསྟན་ཁྲོད་ཀྱི་རང་རང་གི་ལྟ་གྲུབ་ཀྱི་རྫོང་མཐུག་པོ་དེ་དག་རྩལ་འདོན་མཛད་ནས། གྲུབ་མཐའ་གཞན་ལ་དགག་བཞག་མཛད་པ་དང་། ཕྱི་རབས་པ་རྣམས་ཀྱི་སེམས་ལ་ཡང་ཆོས་བརྒྱུད་ཕན་ཚུན་གྱི་ལྟ་བ་ཁྱོན་ནས་མི་འདྲ་བའི་སྣང་ཚུལ་ཞིག་བཞག་ཡོད་པ་ལས། ཁོང་རྣམ་པའི་གཞུང་དུ་ཕལ་ཆེར་ཆོས་བརྒྱུད་ཁག་གི་དགོངས་པ་གཅིག་པའི་ལྟ་གྲུབ་དེ་འདྲ་གསུངས་མྱོང་མེད་པ་རེད།


   ཡིན་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས། དགུང་ལོ་སུམ་ཅུ་ཙམ་གྱི་སྟེང་ནས་མཛད་པར་གྲགས་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་པའི་གཞུང་ལས། གཞན་དང་མི་འདྲ་བར་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་སོ་སོའི་མཐར་ཐུག་གི་དགོངས་པ་གཅིག་པ་ཡིན་པའི་ཡིད་འོང་གི་གྲུབ་མཐའ་ཞིག་བསྒྲགས་ཡོད་པ་རེད།


   དེ་ཡང་ཁོང་གི་གསུང་དངོས་ལ་བཅར་ནས་ལྟ་ཚུལ་འདི་ཉིད་རགས་ཙམ་མཇལ་ན། «དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།» འོ་ན་འདི་རྙིང་མ་ཁོ་ནའི་བཞེད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རྒྱལ་བས་ཟབ་མོའི་མདོ་རྒྱུད་རྣམས་སུ་ཡང་ཡང་བསྟན་པའི་མཐའ་བཞིའི་སྤྲོས་བྲལ་དེ་ཉིད། རྒྱན་དྲུག་ལ་སོགས་པའི་མཁས་པ་རྣམས་ཀྱིས་དངོས་དང་བརྒྱུད་པའི་ཚུལ་དུ་ཤིན་ཏུ་གསལ་བར་བྱས་ཤིང་། གྲུབ་ཆེན་རིག་པ་འཛིན་པ་མཐའ་དག་གི་ཐུགས་ཉམས་སུ་བསྟར་བ། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་བགྲོད་པ་གཅིག་པུ་པ་ཡིན་པས་གསར་རྙིང་ཐམས་ཅད་ཀྱི་དགོངས་པའི་མཐིལ་ཡིན་ཏེ། དེའི་ཚུལ་མཚོན་ཙམ་བཤད་ན། ཞེས་མཐའ་བཞི་སྤྲོས་པ་དང་བྲལ་བ་མཉམ་བཞག་གི་ངང་ནས་ཅིར་ཡང་དམིགས་པར་བྱར་མེད་པའི་ལྟ་བ་དེ་ནི། རྙིང་མ་གཅིག་པུའི་འདོད་པ་མ་ཡིན་པར་སངས་རྒྱས་དང་རྒྱན་དྲུག་ནས་བརྒྱུད་དེ་ཡོང་བའི། ཆོས་བརྒྱུད་སྤྱིའི་འདོད་པ་ཡིན་པར་གསུངས་པ་དང་། དེའི་འོག་ཏུ་ཆོས་བརྒྱུད་སོ་སོའི་མཐའ་ཐུག་གི་དགོངས་པ་དང་བགྲོད་ལམ་གཅིག་པ་ཡིན་པའི་སྒྲུབ་བྱེད་ལ། དགྱེས་མཛད་ལོ་ཙཱ་བ་ཆེན་པོ་དང་། བོད་ཡུལ་གྲུབ་པའི་རྒྱལ་པོ་བཞད་པ་རྡོ་རྗེ། གངས་ཅན་མཁས་པའི་དབང་པོ་ས་སྐྱ་པཎྜི་ཏ། རྗེ་ཙོང་ཁ་པ། དཔལ་རང་བྱུང་ཞབས། རྟོགས་པའི་དབང་ཕྱུག་དོལ་པོ་པ། གསང་བདག་སྒྲོལ་བའི་མགོན་པོ་སྟེ། ཆོས་བརྒྱུད་སོ་སོས་ཕུགས་བཅོལ་སའི་སྐྱེས་ཆེན་དམ་པ་བདུན་གྱི་གསུང་ཚིག་དངོས་སུ་མཚོན་ཙམ་དུ་དྲངས་ནས། ཆོས་བརྒྱུད་སྤྱིའི་མཐར་ཐུག་གི་ལྟ་བའི་འབབ་ས་མཐུན་པའི་བསམ་ཚུལ་དངོས་བསྒྲུབས་ཡོད།


   དེའི་འོག་ཏུ་ཡང་«དབུ་མ་རྒྱན་གྱི་རྣམ་བཤད་»དེ་ལས། དམ་པ་རྣམས་ནི་སངས་རྒྱས་དང་། གྲུབ་ཐོབ་དགོངས་པ་གཅིག་ཟེར་བ་ལྟར་གྱུར་ཏོ། །འོན་ཀྱང་མེད་པ་དང་ཡོད་པའི་ཕྱོགས་རེ་རེ་རྩལ་དུ་བཏོན་པའི་གཞུང་རྣམས་ཀྱང་ཀུན་ཉོན་ཕྱོགས་འཇོམས་པ་དང་། རྣམ་བྱང་ཕྱོགས་སྒྲུབ་པའི་ཐབས་མཁས་ཁྱད་པར་བ་ཡིན་ཀྱང་། མཐར་ཐུག་གི་གནས་ལུགས་ལ་དེ་ཁོ་ན་ལྟར་གྲུབ་པ་ནི་མ་ཡིན་ཏེ། དཔེར་ན། སྲིད་པའི་སྡུག་བསྔལ་ལ་འཇིགས་པའི་ཡིད་དང་། ཞི་བ་ལ་དགའ་བའི་ཡིད་གཉིས། ལས་དང་པོ་པས་བསྐྱེད་དགོས་པ་ཡིན་ཀྱང་། བྱང་སེམས་བདག་ཉིད་ཆེན་པོ་རྣམས་ཀྱིས་སྲིད་ཞི་མཉམ་པ་ཉིད་དུ་གཟིགས་པའི་སྐབས་ན་འཁོར་འདས་ལ་འཇིགས་སྲེད་སྤང་དགོས་པ་བཞིན་ནོ། །དེས་ན་མཐར་ཐུག་གི་གནས་ལུགས་དཔྱོད་པའི་ཚེ་ན། རྟོན་པ་བཞི་དང་ལྡན་པ་རྣམས་ཀྱིས། མཐའ་བཞིའི་སྤྲོས་བྲལ་ཉིད་བསྒྲུབས་ནས། དེ་དང་འགལ་བ་རྣམས་དགག་པར་བྱེད་ལ། ཞེས་སོགས། དེ་ལྟར་ཆོས་བརྒྱུད་ཁག་མཐར་ཐུག་གི་ལྟ་བ་དང་བགྲོད་ལམ་གཅིག་པ་ཡིན་ཡང་། གནས་སྐབས་སུ་ཀུན་བྱང་གི་ཆོས་རྣམས་བླང་དོར་གྱི་ཐབས་མཁས་ཁྱད་པར་བ་ཡི་དོན་དུ་མི་འདྲ་བའི་དགག་བཞག་སྣ་ཚོགས་བྱེད་པ་ཡིན་པར་ཡང་གསུངས་སོ།།


    དེ་ལྟར་གཞུང་ཚིག་འདི་དག་ལ་མཇལ་ནས་བསམ་ན། སྐད་ཆ་འདི་འདྲ་གསལ་པོར་འཆད་མཁན་ནི། འཇུ་མི་ཕམ་པ་ཁོང་ཉིད་གཅིག་པུ་ཡིན་པ་འདྲ་ལ། ཁོང་གི་སྔོན་དུ་བྱོན་པའི་མཁས་པ་འགའ་རེས་ནི། གདུལ་བྱའི་བླང་དོར་གྱི་ཐབས་སྣ་ཚོགས་སྟོན་པའི་ཕྱིར་དུ་དེ་འདྲ་མ་གསུངས་པ་ཡིན་སྲིད་པ་དང་། འགའ་ཞིག་གིས་གྲུབ་མཐའི་སྒེར་ཚུགས་འཛིན་པར་འདོད་ནས། རང་གི་ཐུན་མོང་མིན་པའི་ཁྱད་ཆོས་ཅན་དང་ལོ་མང་གི་བསམ་གཞིག་གིས་བསགས་ཡོང་བའི་ལྟ་བ་དེ། མཐར་སྔོན་ཆད་ནས་ཡོད་པའི་གཞན་གྱི་ལྟ་བ་དེ་དང་གཅིག་པ་ཡིན། ཞེས་པའི་སྐད་ཆ་དེ་འདྲ་བཤད་མ་བྲ་བ་ཡང་ཡོད་སྲིད། གང་ལྟར་འཇུ་མི་ཕམ་པ་ཁོང་གིས་ད་ལྟ་བོད་ཁམས་སུ་ཕྲིན་ལས་ཀྱི་བ་དན་ཆེས་ཆེར་གཡོ་བཞིན་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་མཐར་ཐུག་གི་དགོངས་པ་གཅིག་ཏུ་བསྒྲུབས་ཡོད་པ་རེད་ལ། སྔ་འགྱུར་པའི་གྲུབ་མཐའ་འཛིན་པ་མང་པོས་ཐུན་མོང་མིན་པ་ཞེས། རྩལ་དུ་བཏོན་མྱོང་བའི་རྫོགས་པ་ཆེན་པོའི་ལྟ་བ་ཡང་། ས་སྐྱ་པ་དང་དགེ་ལྡན་པ་སོགས་བོད་ཀྱི་ཆོས་བརྒྱུད་ཁག་སྤྱིའི་ཐུན་མོང་བའི་ལྟ་བ་ཞིག་ཏུ་བསྒྲུབས་ཡོད་པ་རེད།


     ཚུལ་འདི་ཉིད་ནི། འཇུ་མི་ཕམ་པ་ཁོང་གི་ཐུན་མིན་གྱི་ལྟ་བའི་ཁ་ཕྱོགས་ཤིག་ཏུ་ངོས་འཛིན་འོས་ལ། འདི་ལ་བལྟས་ན་འཇུ་མི་ཕམ་པ་ཁོང་ནི། བརྗོད་གཞི་གཅིག་ཡིན་ན་ཡང་བརྗོད་ཚུལ་མི་འདྲ་བའི་ཚིག་ཙམ་ལས་རྩོད་ཉོག་རྒྱ་ཆེན་པོ་བསྐྱེད་པ་དང་། དེ་དང་དེ་ལ་བརྟེན་ནས་ཆོས་བརྒྱུད་བར་གྱི་ཆགས་སྡང་བྱེད་པ་དང་། ཆོས་ཀྱི་དོན་དངོས་མི་བཙལ་བའི་ལྟ་བ་གསར་བསྐྲུན་གྱི་སྒེར་སེམས་བཅང་བ་ལ་མི་དགའ་བ་ཞིག་ཡིན་པ་ཡང་གསལ་པོར་ཤེས་ནུས་སོ། །དེ་ལྟར་དུ་ཡང་ཁོང་གིས་བརྩམས་པའི་«འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས་»ཞེས་པ་ལས། དཔལ་ལྡན་རྒྱལ་བའི་བསྟན་པ་མཐའ་དག་ཀུན། །ཕན་ཚུན་འགལ་མེད་གྲོགས་སུ་ཤེས་པ་ཡི། །བློ་གྲོས་དྲི་མེད་ཡིད་གཉིས་སྨག་དང་བྲལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་ཀྱང་གསུངས་སོ།།



མཇུག་བསྡུ་བ།

     སྤྱིར་རྩོམ་ཡིག་འདིས་ནི། འཇུ་མི་ཕམ་པའི་ལྟ་བའི་སྐོར་གྱི་ཡོངས་གྲགས་སུ་མ་གྱུར་པའི་ཆ་ཤས་རེ་ཙམ་བརྗོད་པར་འདོད་པ་ཡིན་ལ། དེ་ཡང་དང་ཐོག་ཚིག་ཉུང་དོན་འདུས་ཤིག་འབྲི་ཐུབ་པའི་རེ་བ་དང་བཅས་པ་ཡིན་མོད། བར་དུ་རྩོམ་འདི་ཉིད་མཚམས་མ་ཆད་པར་འབྲི་བའི་དུས་ཚོད་མེད་སྟབས། བརྗོད་བྱ་བོར་ནས་གནད་བསྡུ་མ་ཐུབ་པར་འདི་ལྟར་ཐར་ཐོར་དུ་གྱུར་སོང་། མཐའ་མར་རྩོམ་འདིའི་མཇུག་སྐྱོང་མིན་དང་། ནང་དུ་བྲིས་པའི་ལུང་ཚིག་དེ་དག་དགོས་དང་མི་དགོས་སྙམ་པའི་དོགས་པ་བཅས་ཡིན་ན་ཡང་། ད་ནི་གང་ལྟར་ཅི་ཡིན་འདི་ཡིན་མ་གོ་བར་རྩོམ་འདིའི་མཇུག་ལ་སླེབས་སོང་བ་དང་འདྲ། འདི་ལ་ཐོག་མར་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་བ་དང་འབྲེལ། རྩོམ་ཡིག་འདི་ནི་བོད་ཟླ་ ༠༤ ཚེས་ ༢༩ ཉིན་གྱི་འཇུ་མི་ཕམ་པ་ཁོང་གི་འདས་མཆོད་ལ་ཆེད་དུ་ཕུལ་བ་ཡིན་ཞིང་། སྤྱིར་བླ་མ་རྣམས་ཀྱི་ཆེ་བ་བརྗོད་ཚུལ་ལ་རྣམ་པ་དུ་མ་ཡོད་དེ། འགའ་རེའི་ཆེ་བ་འགའ་རེའི་སྐྱོན་དུ་གྱུར་པའང་མང་པོ་ཡོད་སྲིད་པ་ཞིག་རེད། གང་ལྟར་ངས་བསམ་ན། བཀའ་བར་མཐའ་དགོངས་པ་གཅིག་པ་དང་ཐེག་ཆེན་པ་རྣམས་དགོངས་པ་གཅིག་པ་དང་། ཆོས་བརྒྱུད་ཁག་དགོངས་པ་གཅིག་པའི་ལྟ་གྲུབ་འདི་ནི། འཇུ་མི་ཕམ་པའི་ཐུན་མིན་གྱི་ལྟ་བའི་ཁ་ཕྱོགས་ཤིག་མིན་ནམ་སྙམ་ལ། གལ་ཏེ་ཡིན་ན། ཁ་ཕྱོགས་དེའི་དགེ་མཚན་དང་ཁྱད་ཆོས་ནི་ངས་མ་ཤོད་པ་དང་ངའི་བསམ་བྱ་མིན་པ་མང་པོ་ལྷག་ཡོད་ངེས་པས། འཇུ་མི་ཕམ་པར་ཞིབ་འཇུག་འདོད་མཁན་རྣམས་ཀྱིས་མུ་མཐུད་དུ་དཔྱད་པ་གཏོང་བར་རིགས་སོ།།


༢༠༢༡ བོད་ཟླ་ ༠༤ ཚེས་ ༢༩ སྔ་དྲོ།


_______________
རྩོམ་ཁུངས།: བོད་ནང་གི་འོད་འཛིན་རྩོམ་སྟེགས།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང

࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།