ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས།
བོད་ནང་གི་འཕྲིན་སྟེགས་ཤིག་ལས་བཤུས།
![]() |
| རྒྱལ་བ་འབྲི་གུང་པའི་མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ། |
བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཞེས་པ་ནི། རྒྱ་གར་སྐད་དུ་བཞུགས་པ་གཙོ་བོར་བྱས་པ་བོད་སྐད་དུ་བསྒྱུར་བས། བོད་ཡིག་ཏུ་འགྱུར་བའི་འཕགས་ཡུལ་བའི་ཡིག་ཆ་ཤ་སྟག་དང་། དེ་ཡང་དུས་རབས་རིམ་བྱུང་དུ་དག་བསྒྲིགས་བྱས་པ་ཤ་སྟག་ཡིན་ཞིང་། དཔར་གཞི་ཡང་མི་འདྲ་བ་འགའ་ཤས་བྱུང་མྱོང་ཡོད། རང་རེའི་ཡུལ་དུ་དར་བའི་ལྟ་གྲུབ་ལ་དབུ་ཕྱག་རྫོགས་གསུམ་མམ། ཕྱག་རྫོགས་དབུ་གསུམ་གྱི་ཡ་གྱལ་རྫོགས་པ་ཆེན་པོ་ཞེས་པ་འདི་ཉིད་ཀྱི་ཐ་སྙད་ནི། སྔ་དུས་སུ་མཁས་པ་འགའ་ཡིས་རང་རེའི་བཀའ་བསྟན་གཞུང་ན་མ་གྲགས་པར་བཤད་པ་དང་། བོད་ཀྱི་རང་བཟོ་ཡིན་པར་འདོད་པ་དང་། རྒྱ་ནག་ནས་བྱུང་བར་འདོད་པ་སོགས་ཅི་རིགས་པ་ཡོད་ནའང་། ད་ཡོད་ཀྱི་བཀའ་བསྟན་གྱི་གཞུང་ན་ཐ་སྙད་གསལ་བར་བཞུགས་པ་འགའ་གླེང་བར་འདོད་དོ།།
དེ་ལ་བཀའ་འགྱུར་འཇང་དཔར་མ་སོགས་ཀྱི་ནང་དུ། གསར་མའི་ཁོངས་སུ་རྫོགས་པ་ཆེན་པོ་ཞེས་པའི་ཐ་སྙད་ཐོན་པ་ལས། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས་དབང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལག་ན་རྡོ་རྗེ་ཡིས། །གསང་བའི་མགོན་ལ་འདི་སྐད་གསོལ། །ཐམས་ཅད་རྫོགས་པ་ཆེན་པོ་ཡིས། །རིམ་པའི་རྣལ་འབྱོར་གསུང་དུ་གསོལ། །ཞེས་འཁོད་པ་དང་། སྡེ་པར་བཞུགས་པའི་ར་ལིའི་སྐོར་ལས། རྒྱ་གར་སྐད་དུ། ཤྲཱི་སཱུརྱ་ཙཀྲ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ་དཔའ་བོ་ཀྱེ། །ངོ་མཚར་རྨད་དུ་བྱུང་བ་ཡི། །བསྐྱེད་དང་རྫོགས་པ་ཆེན་པོ་སྟེ། །མ་སྤངས་པ་དང་ངེས་པ་དག །མགོན་པོས་བདག་ལ་བཤད་དུ་གསོལ། །ཞེས་བདེ་མཆོག་ར་ལི་ཉེར་བཞིའི་ཁོངས་ཀྱི་རྒྱུད་འདིར་གསལ་བར་བསྟན་པར་སྣང་ངོ་།།
སྡེ་དགེ་བསྟན་འགྱུར་ནང་དུ་གཟིགས་པ་ཡིན་ན། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ལས། ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་གཉིས་པ་ལས། མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་གྱུར་པའོ། །ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་ཤེས་པས་ཡོངས་སུ་རྫོགས་པ་ཆེན་པོ་ཤེས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་བཀོད་ཡོད་པ་དང་། ནག་པོ་ཆེན་པོའི་རྒྱུད་ཀྱི་འགྲེལ་པ། དཔལ་རྟ་དབྱངས་ཀྱིས་མཛད་པ་ལས་པར་བུའི་སྐབས་ལས། འབྲས་བུ་ཆེན་པོ་ཞེས་པ་ནི། །རྫོགས་པ་ཆེན་པོའི་རིམ་པ་སྟེ། །པར་བུའི་ལྷ་ཡི་བདག་ཉིད་ཀྱིས། །རྫོགས་པ་ཆེན་པོ་བསྒྲུབ་པར་བྱ། །ཞེས་འབྱུང་བ་དང་། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་འགྲེལ་བཤད། སློབ་དཔོན་ཨཱརྱ་དེ་བས་མཛད་པ་ལས། རྫོགས་པའི་རིམ་པ་ནི་རྫོགས་པའི་རིམ་པ་སྟེ། རྫོགས་པ་ཆེན་པོ་དང་ཤིན་ཏུ་ཉེ་བའི་རྒྱུར་གྱུར་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་རྫོགས་པ་ནི་རྫོགས་པ་ཆེན་པོ་སྟེ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུའོ། །དེའི་རིམ་པ་ནི་རྫོགས་པ་ཐོབ་པའི་ཐབས་ཀྱི་རིམ་པ་སྟེ་ཕྲ་མོའི་ཏིང་ངེ་འཛིན་ཏོ། །འབའ་ཞིག་ཅེས་བྱ་བ་ནི་ལྷག་མེད་ཅེས་བྱ་བའི་དོན་ཏེ། རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་གྱི་གཞན་མི་སྟོན་ཞེས་བྱ་བའི་ཐ་ཚིག་གོ །ཅེས་གསུངས་ཡོད། སྤྱོད་པ་བསྡུས་པ་སྒྲོན་མེའི་ལེའུ་གཉིས་པ་ལས། རྫོགས་པ་ནི་རྫོགས་པ་སྟེ་སྣང་བ་ཐོབ་པའི་ཡེ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་པ་ཆེན་པོ་དང་ཤིན་ཏུ་ཉེ་བའི་ཕྱིར་རྫོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་བསྐྱེད་ནས་ཅིར་འགྱུར་ཞེ་ན། ཐམས་ཅད་སྟོང་པ་འོད་གསལ་ཐོབ། །ཅེས་སྦྱར་རོ། །ཞེས་གསུངས།
དཔལ་ལྡན་ཨུ་རྒྱན་ཡུལ་ནས་བྱུང་བའི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱི་སྒྲུབ་ཐབས་ཀྱི་མན་ངག ལོ་ཙཱ་བ་དགེ་སློང་ཁྱུང་ཝེར་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཞེས་གསུངས་པ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་པ་རྒྱ་གར་གྱི་མཁན་པོ་སྨྲི་ཏིས་བསྒྱུར་བ་ལས། དེ་ལྟར་ཤེས་ནས་སྙིང་རྗེ་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འཁྲུངས་པའི་སེམས། །དཔལ་ལྡན་ཀུན་ཏུ་བཟང་པོ་གཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ། །ཞེས་གསལ་བ་དང་། དེའི་རྣམ་བཤད་སློབ་དཔོན་ཆེན་པོ་བི་ཏ་པཱ་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་གུ་ཧྱ་དང་། མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ་ལས། རྫོགས་ཆེན་ཡེ་ཤེས་ཞེས་པ་ནི་དཔག་ཏུ་མེད་པའི་ཡེ་ཤེས་གཉིས་སུ་མེད་པ་བླ་མ་ལ་བསྙེན་བཀུར་བ་ལས་བྱུང་བ་རྫོགས་པ་ཆེན་པོའི་ཡེ་ཤེས་སོ། །ཞེས་གསལ་བར་བསྟན་ཡོད།
དེ་བཞིན་མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བ། ཞལ་གྱི་ལུང་གི་འགྲེལ་པ། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། རྫོགས་པ་ཆེན་པོ་ཞེས་པ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །དེའི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ལྔའིའོ། །སྤྱི་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོངས་སུ་དག་པའི་སྐུ་ཞེས་ཏེ། ཇི་བཞིན་པའི་འབྲས་བུའི་སྐུ་ཡིན་པས་ན་དེ་སྐད་དེ། དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་སོ། །ཞེས་འབྱུང་བ་དང་། ཡེ་ཤེས་ཞབས་ལུགས་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་ཏས་མཛད་པའི་གསང་བ་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ། གོང་གསལ་ལོ་པན་གྱིས་བསྒྱུར་བ་ལས་ཀྱང་། སེམས་ཀྱི་སྤྱོད་པ་གཞན་བྲལ་བས། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །དེ་ཡི་བསམ་གཏན་འབའ་ཞིག་གིས། །དགུག་པ་དག་ནི་ཐབས་སུ་གསུངས། །ཞེས་གསུངས་ཡོད།།
དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས། ལྷན་སྐྱེས་ཆེན་པོ་དང་ཆོས་ཆེན་པོ་དང་ལོངས་སྤྱོད་རྫོགས་པ་ཆེན་པོ་དང་། སྤྲུལ་པ་ཆེན་པོ་ཞེས་བྱ་བར་དགོངས་སོ། །ཞེས་འབྱུང་བ་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་ལས། ལོངས་སྤྱོད་རྫོགས་པ་ཆེན་པོ་དང་། འཁོར་ལོས་སྒྱུར་བ་དང་། བསྟན་པའི་བདག་པོས་སོ། །གསང་སྔགས་ནི་སྐྱེ་བ་མེད་པའི་སྙིང་པོ་ཅན་ཡི་གེ་ཨའོ། །རྒྱལ་པོ་ནི་ཐམས་ཅད་ཀྱི་བདག་པོར་གྱུར་པས་སོ། །ཞེས་འཁོད་འདུག་པ་དང་། དེ་བཞིན་དུ་སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པའི་རིན་ཆེན་འཁོར་ལོའི་དབང་གི་མན་ངག་གི་རིམ་པ་ལས། རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། །ཅེས་དང་། དེ་ལས། དབང་གསུམ་བྱེ་བྲག་ལས་གྲོལ་ཕྱིར། །བཞི་པའི་དབང་ཞེས་གྲགས་པ་སྟེ། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་། །ཐམས་ཅད་མཁྱེན་པ་འདིར་བརྗོད་དོ། །ཞེས་རྫོགས་ཆེན་ནི་དབང་བཞི་པ་ཡིན་པར་བསྟན་ཡོད།།
མཉམ་མེད་ཇོ་བོ་རྗེ་དང་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་། ཕོ་བྲང་ཞི་བ་འོད་ཀྱིས་ཞུ་དག་མཛད་པར་གྲགས་པའི་བྱང་ཆུབ་སེམས་བདེ་བའི་མན་ངག་ལས། དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་ཀུན་ཏུ་བཟང་པོས་ཁྱབ། ཀུན་ཏུ་བཟང་པོས་གར་ཁྱབ་པར་བདག་གི་སེམས་ཀྱིས་ཁྱབ་སྟེ། གཟུང་འཛིན་གྱི་རྣམ་རྟོག་དང་བྲལ་ནས་ཆོས་ཀྱི་སྐུ་ཐོབ་སྟེ། སྐྱིད་པ་ཆེན་པོ་གཡུང་དྲུང་གི་གནས་སུ་ཁྱབ་གདལ་ལ་ལྷང་ངེ་བར་གནས་སོ། །དེའི་ངང་ལས་མི་འགྱུར་ལྷང་ངེར་གནས་པ་ནི། རྫོགས་པ་ཆེན་པོའི་ལྟ་བ་མུར་ཐུག་པའོ། །དེའི་ངང་ལས་ས་ལེར་གནས་པ་ནི་རྫོགས་པ་ཆེན་པོའི་བསྒོམ་པ་མཐར་ཕྱིན་པའོ། །དེའི་ངང་ལས་ཡིད་ཙམ་བར་མི་འདའ་བ་ནི། རྫོགས་པ་ཆེན་པོའི་དམ་ཚིག་མཐར་ཕྱིན་པའོ། །ཞེས་གསུངས་ཡོད་དོ།།
དེས་ན་སྔོན་དུས་བཀའ་བསྟན་ཚད་མའི་གཞུང་ན། རྫོགས་པ་ཆེན་པོའི་ཐ་སྙད་མེད་པར་གསུངས་པའི་རྒྱབ་ལྗོངས་བཙལ་དགོས་པ་དང་། ད་ཡོད་བཀའ་བསྟན་ན་རྫོགས་པ་ཆེན་པོའི་ཐ་སྙད་ནི་འདུལ་མདོ་དང་རྒྱུད་སྡེ་ཁག་ན་གསལ་བས། རྒྱ་དཔེའི་ཐོག་དེ་དག་ལེགས་སྦྱར་གྱི་ཐ་སྙད་གཅིག་གམ། དོན་འགྱུར་ཡིན་མིན་སོགས་དང་། ནང་པའི་ཡིག་ཆ་སྔ་ཕྱིའི་གོ་རིམ་ལྟར། ཐ་སྙད་རེ་རེ་ཡི་གོ་དོན་གང་ཡིན་པའི་ཚུལ་སོགས་མཐའ་དཔྱད་ཐུབ་ན། དད་པ་ཁོ་ནའི་ཡུལ་དང་། སོ་སྐྱེའི་ཡུལ་མ་ཡིན་པར་བསྙད་པ་སོགས་གཡོལ་ཐབས་ཁོ་ན་ལ་བརྟེན་མི་དགོས་པར། བྱུང་བ་རིག་པའི་འགྲོས་བཞིན་ཞིབ་ཆ་དང་བཅས་པ་བཤད་ནུས་པ་བྱུང་ན་ཧ་ཅང་མཛེས་པ་ཉིད་དོ།།
དེ་བཞིན་བཀའ་འགྱུར་རིན་པོ་ཆེའི་ནང་དུ་གཟིགས་ན། རྫོགས་ཆེན་དང་འབྲེལ་བའི་ཆོས་སྐད་གྲགས་ཆེ་བ་སྟེ། ཀུན་ཏུ་བཟང་པོ་ཞེས་པ་འདི་ཉིད་བཀའ་འགྱུར་ནང་དུ་ལན་གྲངས་ཇི་ཙམ་ཡོད་དམ་ཞེ་ན། འཇང་དཔར་མའི་ནང་དུ་ལན་གྲངས་ ༢༨༤ དང་། སྡེ་དགེ་དཔར་མ་ན་ལན་གྲངས་ ༣༥༩ དང་། ལྷ་ས་དཔར་མ་ན་ལན་གྲངས་ ༥༠༨ ཐོན་ཡོད་ཅིང་། གཙོ་བོ་ཐེག་ཆེན་གྱི་མདོ་སྡེ་ཁག་ཅིག་དང་རྒྱུད་སྡེ་བཞི་རྣམས་ཡིན་ཞིང་། ཐེག་ཆེན་མདོར་བྱང་སེམས་ཀུན་ཏུ་བཟང་པོའི་མཛད་པ་དང་འབྲེལ་ཞིང་། རྒྱུད་སྡེ་འོག་མར་ཉེ་སྲས་བརྒྱད་ལས་ཀུན་ཏུ་བཟང་པོ་ཡི་རྣམ་འགྱུར་དང་འབྲེལ་བ་མང་། དེ་བཞིན་བཀའ་མཐའ་མ་སོགས་སུ་སྟོང་ཉིད་དང་དབྱིངས་སོགས་ཀྱི་ཆོས་སྐད་དུ་བསྟན་ཡོད་ལ། རྒྱུད་སྡེ་གོང་མ་གསང་འདུས་དང་བདེ་མཆོག་སོགས་སུ་གཞི་ཡི་གནས་ལུགས་དང་། དེ་བཞིན་ཉིད་དང་རང་བཞིན་འོད་གསལ། ཆོས་སྐུ་སོགས་ཀྱི་ཆོས་སྐད་དུ་གསུངས་པའི་ཁྱད་པར་ཞུགས་པའི་རིམ་པ་སོགས་ཤེས་ན། རྫོགས་ཆེན་དང་འབྲེལ་བའི་ཐ་སྙད་དང་ཆོས་སྐད་ཁག་གི་བྱུང་བ་ཇི་བཞིན་གསལ་བར་འོང་ངོ་།།
འདིར་ནི་རང་ཉིད་ཀྱི་དཔེ་ཀློག་སྐབས་ཀྱི་མཇལ་བ་དག ཟིན་བྲིས་སུ་ཕྱོགས་གཅིག་ཏུ་བཀོད་པ་ཙམ་ཡིན་ལ། བོད་ཡུལ་འདིར་རྫོགས་པ་ཆེན་པོ་ཇི་ལྟར་བྱུང་བའི་ཐད་ལ། ཕྱི་དར་སྐབས་སུ་ལྷ་བླ་མ་དང་ལོ་ཙཱ་བ་སོགས་ནས་རིམ་བྱོན་མཁས་པས་དགག་པ་ཅི་རིགས་པ་བྱུང་ཡོད་པ་མ་ཟད། དེང་གི་དུས་ཀྱང་ཞིབ་འཇུག་པ་ཟོལ་མ་དང་། དེ་མིན་ཆོས་དད་ཡོད་མེད་ཅི་རིགས་པས་རྫོགས་ཆེན་གྱི་ཁུངས་གང་ཡིན་ལ་ལབ་འཆོལ་གང་དྲན་བྱེད་མཁན་ཡང་ཡོད་མོད། རང་རེས་དད་པ་ཁོ་ནའི་ངོར་རན་པ་ཙམ་དང་། སྔ་མོའི་མཁས་པའི་དགག་ལན་ཙམ་དང་། དགག་པ་དག་དོན་ལ་མི་གནས་ཟེར་བ་སོགས་འགྲེལ་བཤད་འདྲ་མིན་སྣ་ཚོགས་པའི་རང་བཞིན་གྱིས་ཚིམས་པ་དང་། གཞན་ལ་ལྟ་ལོག་དང་བསྟན་དགྲ་ལབ་ཐུབ་པ་ཙམ་གྱིས་བློ་ཚིམས་པ་ནི་མི་བུ་རྣལ་མའི་བྱ་བ་མ་ཡིན་པས། དེང་དུས་རྒྱལ་སྤྱིར་མཁས་པའི་མདུན་སར་ཡོངས་སུ་གྲགས་ཤིང་གཟུར་གནས་ཀུན་གྱིས་ཡིད་རྟོན་པའི། བྱུང་བ་རིག་པའི་སྒོ་ནས་དཔྱད་ཞིབ་ཡང་དག་མཛད་ཐུབ་ན། སྔ་འགྱུར་གྱི་བཞེད་པ་གང་ཡིན་པ་སྐྱོན་བྲལ་ཉིད་དུ་གསལ་བར་འགྱུར་ངེས་པས་ན། མ་འོངས་པར་མཐུན་རྐྱེན་འཚོགས་ན་དེང་གི་བྱུང་བ་རིག་པ་དང་མཐུན་ཞིང་རིག་འཛིན་གོང་མའི་དགོངས་པ་དང་འབྲེལ་བ། གཞན་གྱི་ལོག་རྟོག་འཇུག་པའི་གནས་མེད་པའི་སྔ་འགྱུར་རྫོགས་པ་ཆེན་པོའི་ཆོས་འབྱུང་ཞིག་ཀྱང་འབྲི་བར་འདོད་དོ། །༢༠༢༡།༠༨།༠༡།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།