རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 4 August 2021

དོལ་པོ་ཚེ་རིང་བླ་མའི་སྙན་ངག་ཁག་ལྔ།

༡. བླ་སློབ་བར་གྱི་འབྲེལ་ལམ།


ལམ་དང་འབྲས་བུའི་འཁོར་འདས་དབྱེར་མེད་འདི།།
གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་པའི་སྲོལ།།
བསྟན་པའི་ཀ་ཆེན་འཛིན་པའི་སྔགས་འཆང་པ།།
༸སྐྱབས་མགོན་ཁྲི་ཆེན་ཞབས་ལ་སྤྱི་བོས་འདུད།།

ཐོས་པ་མང་ཞིང་བསམ་པའི་ཡོན་ཏན་ལ།།
མངའ་བརྙེས་གྱུར་པ་རིས་མེད་བསྟན་པའི་རྒྱན།།
གཅིག་ཏུ་སྤུངས་བ་ཤེས་བྱའི་དཀྱིལ་འཁོར་དག།།
ཁོང་དུ་ཆུད་པའི་༸མཁྱེན་བརྩེ་བླ་མར་འདུད།།

ནམ་ཡང་འཛུམ་པའི་ཞལ་གྱིས་འགྲོ་ལ་བརྩེ།།
ནམ་ཡང་བརྩེ་བའི་སྤྱན་གྱིས་འགྲོ་ལ་གཟིགས།།
ནམ་ཡང་གཞན་དོན་གཅེས་པའི་བླ་མ་མཆོག།
༸གོང་མ་ཡིད་བཞིན་ནོར་བུའི་ཞབས་ལ་འདུད།།

མགོན་མེད་དུས་རབས་གསར་པའི་བྱིས་པ་ཚོར།།
སྙིང་རྗེ་སྤྱན་གྱིས་ལེགས་པར་གཟིགས་མཛད་ནས།།
ཆོས་དབྱངས་སྙན་པའི་སྒྲ་ཆེན་སྒྲོགས་པ་ཡི།།
རྫོང་གསར་མཁྱེན་བརྩེའི་ཞབས་ལ་གུས་པས་འདུད།།

ཕྱི་རུ་སྔགས་འཆང་ཆེན་པོའི་ཆ་ལུགས་འཛིན།།
ནང་དུ་སྡོམ་གསུམ་བསྟན་པའི་སྒྲོན་མེ་འབར།།
གཞི་འབྲས་བསྲེ་བའི་བསྟན་པའི་ཀ་ཆེན་ལ།།
གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།།

མཁྱེན་པའི་དཀྱིལ་འཁོར་ཅོ་ལྔའི་ཟླ་ལྟར་རྒྱས།།
བརྩེ་བའི་ཐུགས་རྗེ་མ་མའི་བཞིན་ལྟར་མཛེས།།
རྒྱ་མཚོ་ལྟ་བུའི་ཤེས་བྱའི་དཀྱིལ་འཁོར་ལ།།
གཟིགས་པ་མངའ་བའི་བླ་མས་བདག་སྐྱོང་ཞིག།


༢. དྲིན་ཆེན་རྩ་བའི་བླ་མ།

ངོར་ཀླུ་ལྡིང་མཁན་རིན་པོ་ཆེ།

མཆོག་གསུམ་གཅིག་ཏུ་འདུས་པའི།།
དྲིན་ཆེན་རྩ་བའི་བླ་མ།།
བདག་གི་སྤྱི་བོར་པདྨོའི།།
གདན་གྱི་སྟེང་དུ་བཞུགས་རོགས།།

བདག་ནི་འབྱོར་བས་དབུལ་ཞིང་།།
མཆོད་པའི་ཡོ་བྱད་མ་མཆིས།།
འོན་ཀྱང་སྒོ་གསུམ་གུས་པས།།
ཁྱེད་ལ་ནམ་ཡང་དད་ཡོད།།

ཧ་ཅང་ཟིང་འཁྲུག་ཆེ་བའི།།
དུས་རབས་ཉེར་གཅིག་འདི་ན།།
ཁོ་བོའི་དལ་འབྱོར་རྟེན་ལ།།
བླ་མའི་བྱིན་བརླབ་གནང་རོགས།།

དྲིན་ཆེན་རྩ་བའི་བླ་མས།།
ཞལ་གཟིགས་དངོས་སྒྲུབ་སྩལ་ན།།
འཇིག་རྟེན་ཁྲ་ཁྲའི་ཅ་དངོས།།
སེམས་པ་ཤོར་དོན་མི་འདུག།

འོན་ཀྱང་དམ་ཆོས་སྒྲུབ་དུས།།
བར་ཆད་ཤིན་དུ་མང་བས།།
བཀའ་དྲིན་ཆེ་བའི་བླ་མས།།
ལམ་གྱི་བགེགས་སེལ་མཛད་རོགས།།

འཇིག་རྟེན་ཕྲང་ལམ་འགྲིམ་དུས།།
བླ་མ་ལྷ་རུ་བསྒོམ་དེ།།
མ་དག་སྣང་བ་འདི་ཚོ།།
མྱུར་དུ་དག་སྣང་འཆར་རོགས།།

བླ་མ་ཡི་དམ་སྲུང་མས།།
དངོས་སྒྲུབ་ལྷོད་པ་མ་གནང་།།
འདི་དང་བར་དོའི་འཇིགས་སྐྲག།
མྱུར་དུ་ཞི་བའི་སྨོན་ལམ།།

མ་རིག་འཁྲུལ་གྱིས་བསྐོར་བའི།།
ཐོག་མེད་འཁོར་བའི་འཆིང་ཐག།
དྲིན་ཆེན་བླ་མའི་མཐུ་ཡིས།།
མྱུར་དུ་གཅོད་པའི་རེ་སྨོན།།

དམ་ཆོས་བཟང་བའི་བླ་མ།།
དད་པ་བརྟན་པའི་སློབ་མ།།
བླ་སློབ་བར་གྱི་འབྲེལ་ལམ།།
དག་ཞིང་བར་དུ་གནང་རོགས།།


༣. བདག་མོ་སྐལ་ལྡན་མཆོག་གི་འཁྲུངས་སྐར་དགའ་བས་བསུ།


བཞིན་ན་འཛུམ་པའི་དཔལ་གྱིས་རྟག་ཏུ་བརྗིད།།
འགྲོ་ལ་ལྷག་པར་བརྩེ་བའི་མ་མ་ཉིད།།
རིགས་ཀྱི་སྨྱུ་གུ་སྤེལ་བའི་རྗེ་བཙུན་མ།།
བདག་མོ་སྐལ་ལྡན་ཁྱེད་ཀྱི་འཁྲུངས་སྐར་བསུ།།

བརྩེ་ཆེན་བསྟན་པའི་སྙིང་པོ་ཁུར་དུ་བཞེས།།
མགོན་མེད་འགྲོ་ལ་བྱམས་པའི་མ་མ་ཉིད།།
རིགས་ཀྱི་ས་བོན་འཛིན་པའི་རྗེ་བཙུན་མ།།
བདག་མོ་སྐལ་ལྡན་ཁྱེད་ཀྱི་འཁྲུངས་སྐར་བསུ།།

མ་བཅོས་བྱམས་པའི་ཐུགས་ལས་བལྟམས་པ་ཡི།།
མར་གྱུར་འགྲོ་ལ་བརྩེ་བའི་མཁའ་འགྲོ་མ།།
རིགས་ཀྱི་གདུང་བརྒྱུད་སྤེལ་བའི་མ་མ་ཉིད།།
བདག་མོ་སྐལ་ལྡན་ཁྱེད་ཀྱི་འཁྲུངས་སྐར་བསུ།།

སྲིད་ན་བཞད་པར་དཀོན་པའི་ཨུ་དུམ་བཞིན།།
རྐང་གཉིས་འགྲོ་བའི་མགོན་དུ་ལེགས་པར་བལྟམས།།
མཚན་མཆོག་གསུམ་ལྡན་ས་སྐྱའི་རྗེ་བཙུན་མའི།།
འཁྲུངས་སྐར་བཟང་བའི་བཀྲ་ཤིས་སྨོན་འདུན་ཞུ།།

མཇལ་བ་ཙམ་གྱིས་འགྲོ་ལ་དགའ་བ་བསྐྱེད།།
དབྱངས་ཅན་མ་དང་གཉིས་སུ་མ་མཆིས་པ།།
ནག་ནོག་མི་མངའི་རིགས་ཀྱི་སྲས་མོ་ལགས།།
འཁྲུངས་སྐར་ཉིན་མོ་འཚམས་འདྲི་བདེ་ལེཊ་ཞུ།།

༢༠༢༡/༠༦/༢༩


༤. དུས་སྙིགས་ཀྱི་སྐྱོ་བའི་རང་མདངས།།


མཁས་པ་རྣམས་ལ་གུས་བཀུར་མེད་པ་དང་།།
ཆོས་གྲོགས་ཕན་ཚུན་མཐུན་ལམ་སྐྱོ་བ་དང་།།
རྒན་གཞོན་བར་ལ་རྩི་བཀུར་མེད་པ་སོགས།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

གཟན་གཤམ་བསྣབས་ཀྱང་སྡོམ་པ་མི་ལྡན་པ།།
ཆོས་རར་སྡད་ཀྱང་ལྷ་ཆོས་མི་བྱེད་པ།།
ནམ་ཞག་རྒྱུན་དུ་ཕན་ཚུན་རྩོད་པ་འདི།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

གཞོན་པའི་དུས་སུ་ཆོས་བརྒྱད་གཡེང་བས་འདའ།།
རྒན་པའི་དུས་སུ་འགྱོད་པས་གདུང་བས་འདའ།།
ལྷ་ཆོས་མི་བྱེད་དེང་རབས་འཁོར་བ་དེ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

ལས་འབྲས་མི་ཤེས་རྨོངས་པའི་ངང་ཚུལ་དང་།།
ཆོས་ལ་མི་དད་སོན་འདྲེའི་སྤྱོད་ཚུལ་དང་།།
ལོག་པའི་ལམ་དུ་འཕྱན་པའི་དེང་རབས་ཚོ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

ཆོས་དང་འཇིག་རྟེན་རྩོད་པའི་ཁ་ཆུ་འཛག།
ང་ང་ང་ཉིད་ཟེར་བའི་ང་རྒྱལ་ཅན།།
དལ་འབྱོར་རླུང་ལ་བསྐུར་བའི་འཇིགས་སྐྲག་དེ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

གཞན་གྱི་ཤེས་ཡོན་ཕྲག་དོག་བྱེད་པ་དང་།།
རང་ཉིད་མི་བརྩོན་ལོག་པའི་ལམ་ལ་འགྲོ།
གོ་བ་མེད་པའི་ཅ་ཅོ་སྒྲོགས་པ་དེ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

ཆོས་ལྡན་ཆོས་པ་བསོད་སྙོམས་བསྐྱོད་པ་ན།།
དབུལ་པོ་འདུག་ཞེས་དེང་རབས་བྱིས་པས་རྨོད།།
མགོ་མཇུག་ལོག་པའི་དེང་གི་བྱེད་སྟངས་དེ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

གསེར་དངུལ་ལ་སོགས་ལུས་ལ་བརྒྱན་པ་དང་།།
ལག་ཏུ་འགོང་ཆེན་ཁ་པར་འཆང་གྱུར་ན།།
ཆོས་པ་རྫིག་ཞེས་བསྟོད་ར་བྱེད་པ་དེ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

དད་པ་དབུལ་བའི་ང་ཚོའི་ཁྱིམ་པ་དང་།།
ཆོས་ལོག་སྤྱོད་པའི་ང་ཚོའི་ཆོས་པ་གཉིས།།
ངན་སོང་གསུམ་གྱི་གཡང་ལ་མི་འཇིགས་པ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

སྒོ་ཙར་དབུལ་བའི་སློང་མོར་སྙིང་རྗེ་མེད།།
རྒྱང་རིང་ཞིག་ནས་སྙིང་རྗེ་ཡོད་མདོག་བྱེད།།
ཁ་དོན་འཆོལ་བའི་སྟོན་པའི་རྗེས་འཇུག་དེ།།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།།

ནམ་འཆི་ངེས་མེད་ཚེ་ནི་མི་རྟག་ཀྱང་།།
ལྷ་ཆོས་མི་སྒྲུབ་དལ་འབྱོར་མི་ལུས་དེ།།
དོན་མེད་བྱེད་པའི་ངན་པར་འཇུག་པ་དག།
དུས་སྙིགས་འདི་ཡི་སྐྱོ་བའི་རང་མདངས་རེད།། 

དེང་དུས་ཀྱི་སྤྱི་ཚོགས་སུ་ཉམས་སུ་མྱོང་བའི་ཆོས་ཚན་ག་གེ་མོ་ཞིག་མི་བཟོད་བཞིན་མགྲིན་པ་ནས་དབང་མེད་དུ་སྲོང་པོར་ཐལ་ལོ།། ༢༠༢༡/༠༧/༠༤


༥. རང་སྣང་ཙམ་གྱི་འཇིག་རྟེན།།


འཇིག་རྟེན་ཁྱིམ་པ་དེ་ཚོའི་བྱེད་སྟངས་ལ་སེམས་ཞིང་།།
མ་དག་སྣང་བའི་དངོས་པོ་འདི་དག་ལ་དཔྱོད་ཚེ།།
གྲྭ་རྐྱང་འགོག་མེད་དགད་མོ་སེམས་ཁོང་ནས་འཆོར་བའི།།
མཚར་གཏམ་གླེང་སྟེགས་ཞིག་གི་སྣང་བ་རང་འཆར་བྱུང་།།

ནང་གི་དཀྱིལ་འཁོར་རྒྱས་པའི་ཕྱི་གཟུགས་ཀྱི་དངོས་པོ།།
སྣང་བ་རང་སར་ཞི་ཚེ་བདེན་དངོས་རང་མེད་ཀྱང་།།
མི་ཤེས་བྱིས་པ་དེ་ཚོ་འཁྲུལ་སྣང་གི་དངོས་པོར།།
བདེན་འཛིན་ཆེན་པོའི་ཀློང་ནས་འཐད་རྩོད་འདི་མཚར་བ།།

ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་ཡང་ཡང་དུ་འཁོར་དུས།།
སྲིད་པ་ཁམས་གསུམ་འཁོར་བའི་སྣང་བ་འདི་བསྒྲུབས་ཀྱང་།།
ལུགས་ལྡོག་འཕགས་པའི་ལམ་གྱི་གོ་བ་རེས་བརྙེད་ཚེ།།
མ་དག་སྣང་བ་འདི་ཀོ་ཞི་དབྱིངས་སུ་ལོས་འགྱུར།།

ཤ་དང་པགས་པས་གཡོགས་པའི་ཡིད་འོང་གི་དམན་ཆུང་།།
དེང་སང་ཕོ་གསར་སྟོང་གི་རང་སེམས་དེ་ཤོར་ཀྱང་།།
གྲྭ་རྐྱང་རྣལ་དུ་གནས་པའི་བློ་གྲོས་ཀྱིས་བརྟགས་ཚེ།།
ཆགས་ཡུལ་བདེན་པས་སྟོང་པའི་རང་སྣང་ཙམ་རེད་འདུག།

གཉེན་ཕྱོགས་འདོད་ཆགས་ཆུ་ཡིས་ཡང་ཡང་རང་གཡོ་ཞིང་།།
དགྲ་ཕྱོགས་ཞེ་སྡང་མེ་ཡིས་ཡང་ཡང་རང་སྲེག་པའི།།
མི་ཤེས་ཁྱིམ་པ་དེ་ཚོའི་གནས་སྟངས་ལ་བསམ་ཚེ།།
དམར་ཆུང་རང་སེམས་འདི་ཀོ་འདར་འདར་རང་བྱས་བྱུང་།།

ཐོབ་དང་སྙན་གྲགས་འགྲེན་པའི་གོ་ལ་འདིའི་མི་བུ།།
དོན་གྱི་བདེ་སྐྱིད་ཟེར་བ་རྩི་ཤིང་བཞིན་སྲེག་པའི།།
དུག་གསུམ་མེ་ལྕེ་དམར་པོ་རང་རྒྱུད་དུ་འབར་བ།།
ཨེ་མ་བཟོད་པར་དཀའ་བའི་གནས་ཚུལ་འདི་སྐྱོའོ།།

གཞན་དོན་གཡེལ་བ་མེད་པའི་བྱང་ཆུབ་ཀྱི་སེམས་མཆོག།
གནས་ལུགས་རང་ངོ་སྤྲོད་པའི་ལྷན་ཅིག་གི་ཤེས་རབ།།
བདེ་སྟོང་ཟུང་དུ་འཇུག་པའི་དཀྱིལ་འཁོར་ལ་རོལ་ཚེ།།
སྣང་བ་རང་སར་ཞི་བའི་ལམ་མཆོག་འདི་རྨད་དོ།།
༢༠༢༡/༠༨/༠༦

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།