རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 6 July 2022

ཕྱི་རོལ་གྱི་མཛེས་པ།

སློབ་དཔོན་བསྟན་འཛིན་ཆོས་འཕེལ། གདན་ས་རྣམ་གྲོལ་གླིང་།


གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་པའི་ཚོགས།།
ཆར་རླུང་དྲག་པོས་གཡོས་པའི་སྟང་སྟབས་ལས།།
ཆབ་ཀྱི་ཟིལ་པ་རེ་ཡང་སྒེའུ་ཁུང་ནས།།
ནང་དུ་ཤུགས་ཀྱིས་གཏོར་བའི་སྣང་ཚུལ་འདིས།།
ཚོར་བས་བདུངས་པའི་སེམས་ཀྱི་སྙན་ངག་རེ།།
ཅིས་ཀྱང་འབྲི་བའི་ལག་སོར་སྐྱོད་པར་བྲེལ།།

ཤག་ཆུང་གྲུ་བཞིའི་ནང་གི་མལ་སྟན་ཐོག།
ཕུགས་ཀྱི་འདུན་མ་སེམས་སུ་གོམས་དྲགས་ནས།།
ཤོག་བུའི་ངོས་ཀྱི་ཡིག་འབྲུ་འཚོལ་བ་ལས།།
ཆར་ཞོད་ཆེ་བའི་དབྱར་གྱི་ནམ་དུས་དང་།།
ལྗང་མདོག་བཀླུབས་པའི་ཕྱི་རོལ་མཛེས་པ་རྣམས།།
མིག་སྔར་འཚངས་ནས་འོངས་ཀྱང་སྣང་མེད་དུ།།
རང་གར་ལུས་ནས་དལ་གྱིས་བཞུད་འགྲོ་བའི།།
སྣང་ཚུལ་འདི་འདྲའང་ང་དང་འབྲེལ་ནས་འདུག །

གཡུ་ཞུན་ལན་བརྒྱར་བྱུགས་འདྲའི་ལྗོན་པ་དང་།།
འདབ་མའི་ཁུར་གྱིས་དུད་པའི་མེ་ཏོག་ཚོགས།།
བྱ་དང་བྱེའུའི་གྲེ་གྱུར་རྣ་བའི་དཔལ།།
མིག་གི་དགའ་སྟོན་ཅིར་ཡང་འཆར་བ་སོགས།།
དགའ་བའི་དཔལ་ལ་འདོད་རྒུར་སྒྱུར་བ་ལས།།
ཚོགས་དྲུག་ཡུལ་ལ་བསྡམས་པས་ཕན་ནམ་ཅི།།

སྤྱི་ལོ་ ༢༠༢༢/༠༧/༠༦ ཉིན་སྒེའུ་ཁུང་འཁྲིས་ནས་ཕྱི་རོལ་ལ་ལྟ་ཞོར་རྩིས་འཕྲུལ་དུ་བཏགས་སོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།