རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 14 July 2022

རི་རྩེའི་དགའ་བ།

རྟ་རབ་ཕུར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།


རི་མགོའི་མཛེས་སྡུག་ལྟ་བའི་སྤྲོ་སྣང་ཞིག་དང་།།
འདྲིས་པའི་གྲོགས་པོའི་བར་གྱི་དགོད་སྒྲ་དེ་ཡིས།།
རྡོ་ཐེམ་སྟོང་གི་ཆོད་པའི་རི་རྩེར་སྐྱོད་དུས།།
གོམ་ཟུང་སྤོ་བར་ངལ་བའི་སྣང་བ་མ་བྱུང་།།

ནམ་མཁའི་དབྱིངས་ལས་ཆར་རླུང་ཚུབ་ཆ་རྒོད་དུས།།
བྲང་གཞུང་དགུང་ལ་གཏད་དེ་ཀི་ཞིག་བཏབ་པས།།
གོང་མའི་ལྷ་ཀླུ་དག་གིས་ཐོས་པ་ཡིན་སྐད།།
གློ་བུར་གནམ་ནས་འཇམ་པའི་ཉི་ཟེར་སྤྲོས་བྱུང་།།

བྲག་རྡོའི་སྟེང་དུ་འགྲེང་སྟེ་རྒྱང་མིག་འཕེན་དུས།།
ཕྱོགས་དང་གང་ནས་འོང་བའི་དྲག་རླུང་ཞིག་གིས།།
སེམས་པའི་སྣང་བ་རྒྱང་རིང་ཡུལ་ལ་ཁྲིད་པས།།
དགའ་བདེའི་ཚོར་བ་རྩ་ལམ་ཡོངས་ལ་འཁྱུད་བྱུང་།།

མ་གི་རི་གཤམ་ཐང་ནས་དགུང་ལ་ལྟ་དུས།།
མཐའ་མེད་ནམ་མཁའ་རི་བོས་བཏེགས་པ་འདྲ་ཞིང་།།
མཐོན་པོའི་རི་རྩེ་སྟེང་ནས་མར་ལ་ལྟ་དུས།།
ཡངས་པའི་འཇིག་རྟེན་རྐང་འོག་བསྡུས་པ་འདྲ་བྱུང་།།

འཛམ་གླིང་སྤྱི་བསང་ཉིན་རི་བོ་བེ་ཏ་པུར་དུ་བསྐྱོད་པའི་ཕྱི་ཉིན་༡༤/༠༧/༢༠༢༢


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།