དོལ་པོ་ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།
ཀླུ་དབང་རྒྱལ་པོས་རྒྱ་མཚོའི་རོལ་མོ་ཞིག་དཀྲོལ་ལམ།།
ཚངས་པའི་སྲས་མོས་མགྲིན་པའི་རྫ་རྔ་ཞིག་བརྡུངས་སམ།།
ཅིར་ཡང་མ་ངེས་ཅིར་ཡང་སྣ་ཚོགས་སུ་ཐོས་པ།།
ཉན་ཞིང་ཉན་ཞིང་ཡིད་ཁམས་རྒྱ་མཚོ་ཡི་ཁ་རུ།།
འཆར་སྒོའི་རྟོག་འགྱུ་རླུང་བུ་ཡང་ཡང་དུ་ལྡང་བས།།
ཅིར་ཡང་མ་ངེས་སྣང་བརྙན་སྣ་ཚོགས་ཤིག་ཤར་དུས།།
མཁའ་ལ་འཕྱོ་བའི་རླབས་ཀྱི་རོལ་མོ་འདི་འཁྲོལ་བྱུང་།།
མཚན་མོ་མཚན་ནག་མུན་པའི་སྨག་རུམ་ལ་འཐབ་ཅིང་།།
ཉིན་མོ་ཉིན་དཀར་ཉི་འོད་མོག་མོག་པོར་གཏོང་བའི།།
ཉིན་མཚན་བསྟུད་མར་སྦྲེལ་ལ་ཆད་རྒྱུ་རང་མེད་པ།།
ཤག་ཤག་ཤག་ཏུ་འབབ་པའི་རང་བྱུང་གི་རོལ་དབྱངས།།
སྐྱ་ཟད་སྔོ་ཟད་ཐན་པའི་དཀའ་ངལ་དེ་དྲག་གམ།།
ཆར་ལོག་ཆུ་ལོག་རྒྱས་པའི་ཤྭ་འོད་དེ་དྲག་གམ།།
ཞིང་འབྲོག་འཚོ་བའི་བདེ་སྡུག་ཡང་ཡང་དུ་བསམས་ན།།
བཤད་ཚོད་གང་ཡིན་མ་ཐིག་རང་བྱུང་གི་རོལ་དབྱངས།།
ཤག་ཤག་ཤག་གིས་འཁྲོལ་བའི་རང་བྱུང་གི་རོལ་དབྱངས།།
གནས་ལུགས་བདེན་པ་དབྱངས་སུ་འགུགས་པ་དེ་རྫུན་ནམ།།
སྣང་ཚུལ་རྫུན་པ་རོལ་མོར་དཀྲོལ་བ་དེ་བདེན་ནམ།།
བདེན་རྫུན་གང་དུའང་མ་ངེས་རང་བྱུང་གི་རོལ་དབྱངས།།
༡༤/༠༧/༢༠༢༢

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།