རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 7 August 2022

ཀུན་མཁྱེན་རོང་ཟོམ་པའི་ཆོས་འབྱུང་གསར་དུ་རྙེད་པ།

གོ་མུ་ཏིག་གམ་ཨོ་རྒྱན་བསྟན་འཛིན།
ཡོང་ཁུངས།: བོད་ཁུལ་འཕྲིན་སྟེགས།


ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཚིགས་བཅད་མ་ཞིག་ཡོད་པར། བོད་ཀྱི་མཁས་པ་སྔ་མ་དག་ལ་ཡོངས་གྲགས་སུ་གྱུར་འདུག་ཀྱང་། བར་སྐབས་ཤིག་ལ་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གི གཞུང་དེ་ཉིད་འཇིག་བརྟེན་འདིར་ཡོད་མེད་དང་། ཡོད་རུང་གཞུང་གང་ཞིག་ལ་ངོས་འཛིན་དགོས་ཆ་མི་འཚལ་བའི་གནས་སུ་གྱུར་ཡོད། ཡིན་ཡང་བཙུན་པ་ཡོན་ཏན་ལྷུན་གྲུབ་དང་སོག་བཟློག་པ་སོགས་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་སུ། རོང་ཟོམ་ཆོས་འབྱུང་གི་ཚིག་འགའ་རེ་ལུང་འདྲེན་བྱས་ཡོད་པ་དེ་དག་ལས་རྗེས་སུ་དཔག་ན། ཀུན་མཁྱེན་རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མར་གྲགས་པ་དེ་ནི། ལྡེའུ་ཆོས་འབྱུང་རྒྱས་པའི་རྩ་བ་འདི་ཉིད་ཡིན་པར་ར་འཕྲོད་ཐུབ་པར་སྣང་ཞིང་། དེའི་ཤེས་བྱེད་གཙོ་བོ་དེ་ཡང་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་དེ་ཆགས་འདུག་པས། དེའི་སྐོར་ནས་རགས་ཙམ་ཞིག་གླེང་ན།

     བཙུན་པ་ཡོན་ཏན་ལྷུན་གྲུབ་ཀྱིས་མཛད་པའི་སྔ་འགྱུར་བའི་ཆོས་འབྱུང་རྒྱས་པ་ཞིག་འདུག་ལ། ཆོས་འབྱུང་དེ་ནི་འབྲུག་པའི་ས་ཆ་ཞིག་ནས་གསར་དུ་བརྙེད་སོན་བྱུང་ཞིང་། རིམ་གྱིས་མཁན་རིན་པོ་ཆེ་དབང་ཕྱུག་རྩེ་རྒྱལ་ལགས་ཀྱི་ཕྱག་ཏུ་འབྱོར་ནས། ཁོང་གིས་བསྐྱར་སྤར་ཉུང་ངུ་ཞིག་གནང་འདུག་པ་དེའི་དབང་གིས། ངེད་ཚོས་བལྟ་ཀློག་བྱ་རྒྱུའི་སྐལ་བ་ཡང་རྙེད་པ་རེད། གཞུང་དེའི་ཡིག་གཟུགས་ནི་དཔེ་ཚུགས་ལག་བྲིས་མ་ཞིག་རེད་འདུག་ཅིང་།འཁྱུག་ཡིག་གིས་མཆན་བུ་མང་ཙམ་ཞིག་བཏབ་འདུག་པ་དེ་དག་ནི། ཕལ་ཆེར་ཁོང་གི་སློབ་མ་ཞིག་གིས་བྱས་པ་མིན་ནམ་སྙམ། གཞུང་དེའི་ཐོག་མའི་དབུ་ཤོག་གཅིག་པོ་དེ་ཆད་རལ་དུ་གྱུར་འདུག་ཅིང་། མཇུག་རྩོམ་སོགས་སུ་གཞུང་དེའི་མཚན་དོན་མི་གསལ་བས། གཞུང་དེའི་མཚན་ལ་གང་ཞིག་བཏགས་ཡོད་མེད་ཤེས་ཐབས་བྲལ། ཆོས་འབྱུང་དེའི་ནང་དུ་རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མའི་ལུང་ཐེངས་གསུམ་ཙམ་དྲང་འདུག་པ་ལས། བར་མ་དེར་སོག་བཟློག་པས་དྲངས་པའི་ལུང་ཚིག་རྣམས་ཀྱང་ཇི་བཞིན་འདུག་ལ། ཁོང་རང་གིས་དྲངས་པའི་ལུང་ཚིག་སྔ་མ་དག་ཀྱང་དེའི་ནང་དུ་འདུས་འདུག དེས་ན་ལུང་འདྲེན་བར་མའི་ནང་དུ་ཚིག་རྐང་སོ་དགུ་དང་། ཕྱི་མའི་ནང་དུ་ཚིག་རྐང་གྱ་དགུ་སྟེ། གོང་འོག་གཉིས་པོ་སྡོམ་པས་རོང་ཟོམ་ཆོས་འབྱུང་གི་ཚིག་རྐང་བརྒྱ་དང་ཉེར་བརྒྱད་ཙམ་ཞིག་ཆོས་འབྱུང་དེའི་ནང་དུ་བྱུང་འདུག ཆོས་འབྱུང་འདིའི་མཛད་པ་པོ་ཡོན་ཏན་ལྷུན་གྲུབ་ཞུ་བ་ཁོང་གི་རྣམ་ཐར་སྐོར། ད་བར་ཆོས་འབྱུང་ལོ་རྒྱུས་སོགས་ཡིག་ཆ་མཇལ་མྱོང་བ་རྣམས་སུ་བྲིས་ཡོད་པར་དྲན་རྒྱུ་མི་འདུག་ལ། ཁོང་གིས་མཛད་པའི་གཞུང་དེའི་སྐོར་འཁོད་ཡོད་ས་ཞིག་ནི་དེ་བས་ཀྱང་མཇལ་མ་བྱུང་། ཡིན་ཡང་གཞུང་དེའི་ནང་དུ་ལྕེ་བཙུན་སྙིང་ཐིག་གི་ལོ་རྒྱུས་གསུངས་སྐབས། གྲུབ་ཐོབ་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཨོ་རྒྱན་བཛྲ། དེས་བདག་ཡོན་ཏན་ལྷུན་གྲུབ་ལའོ། །ཞེས་གསལ་བ་ལྟར་ན། གྲུབ་ཐོབ་མེ་ལོང་རྡོ་རྗེ་དང་རིག་འཛིན་ཀུ་མཱ་རཱ་ཛ་གཉིས་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པའི་སྐྱེ་ཆེན་གཉིས་ཡིན་ལ། ཀུ་མཱ་རཱ་ཛ་ནི་ཀུན་མཁྱེན་ཀློང་ཆེན་པའི་ཐུན་མོང་མ་ཡིན་པའི་བླ་མ་ཡིན་པས། བཙུན་པ་ཡོན་ཏན་ལྷུན་གྲུབ་ཁོང་ཡང་ཀུན་མཁྱེན་ཆེན་པོ་དང་དུས་མཉམ་དུ་བྱོན་པ་ཞིག་ཡིན་པར་ཚོད་འཇོག་བྱེད་ཐུབ།གཞན་ཡང་གཞུང་དེར་ལྕེ་བཙུན་སྙིང་ཐིག་སོགས་སྔ་འགྱུར་བའི་ཆོས་སྐོར་ཕལ་མོ་ཆེའི་དབང་ལུང་མན་ངག་གི་བརྒྱུད་པ་དང་བཅས་པ་ཞིབ་རྒྱས་སུ་བཀོད་ཡོད་ཀྱང་།ཀློང་ཆེན་སྙིང་ཐིག་གི་སྐོར་དང་ཀུན་མཁྱེན་ཆེན་པོའི་སྐོར་ཟུར་ཙམ་ཡང་མ་བྱུང་བ་ལས་ཀྱང་། ཀུན་མཁྱེན་ཆེན་པོའི་མཛད་ཕྲིན་ཆེར་མ་རྒྱས་པའི་སྐབས་ཙམ་ནས་བྱུང་བར་དཔོག་ཐུབ་སྙམ།


ད་ནི་ཐོག་མར་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་དུ་དྲངས་པའི་རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མ་དེ་དང་ལྡེའུ་ཆོས་འབྱུང་རྒྱས་པའི་རྩ་བ་གཉིས་གཞུང་གཅིག་ཡིན་མིན་སྐོར་ལ་དཔྱད་པ་ལ། 

     ཐོག་མར་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་དེའི་ནང་དུ་ལུང་འདྲེན་བྱས་ཡོད་པའི། ཀུན་མཁྱེན་རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མ་དང་། ལྡེའུ་ཆོས་འབྱུང་རྒྱས་པའི་ནང་གི་རྩ་ཚིག་རྣམས་ཕན་ཚུན་མཚུངས་བསྡུར་བྱ་རྒྱུ་ཡིན། མཚམས་འདི་ནས་གསལ་བཤད་ཞུ་དགོས་པ་ཞིག་ལ། གཞུང་གཉིས་ཀའི་ནང་ཡིག་ནོར་ཡིན་ངེས་པ་དང་། ཡི་གེ་ཆད་སོང་བ་ལྟ་བུ་འདུག་ཀྱང་། མ་ཡིག་ཇི་བཞིན་བཀོད་པ་ལས་བཅོས་མེད།

     ༡༽ རོང་ཟོམ་ཆོས་འབྱུང་། ཤནྟིཾ་གརྦྷས་ཀྲྀ་ཡོག་ཤས་ཙམ་བསྒྱུར། །ཅེས་དང་། ལྡེའུར། གཉིས་པའི་བསམ་ཡས་རབ་གནས་ལ་ཤན་ཏི་གརྦྷ་སྤྱན་དྲངས་པའི་དུས་སུ། ཏྲི་ཡའི་རྒྱུད་དང་། ཡོ་གའི་ཤས་ཙམ་བསྒྱུར་ཏེ་འགྱུར་གཉིས་པའོ།།

     ༢༽ རོང་ཟོམ་ཆོས་འབྱུང་། སངས་རྒྱས་གསང་བས་བོད་ལ་ཆོས་ལྔ་བརྫང་། །ཅེས་དང་། ལྡེའུར། གསུམ་པ་སངས་རྒྱས་གསང་བས་བོད་ལ་ཆོས་བརྒྱད་བརྫང་སྐད་པ། སངས་རྒྱས་གསང་བས་གངས་ཏི་སེར་བྱོན་པའི་ཚེ། བོད་དུ་སྤྱན་དྲངས་པར་མ་བྱོན་ཏེ། ཞེས་སོགས་གསུངས།

     ༣༽ རོང་ཟོམ་ཆོས་འབྱུང་དུ། ཧཱུྃ་མཛད་གྲགས་པ་སྤྱན་འདྲེན་བང་ཆེན་དྲུག །འབྲེ་སྣུབས་གླང་རུ་གྲུ་གུ་ལང་གྲོ་ལ། །ཡང་དག་གྲུབ་པ་བརྫང་ཏེ་མ་བྱོན་སྐད། །ཅེས་དང་། ལྡེའུར། བཞི་པ་ཧཱུྃ་མཛད་དྲག་པོས་བང་ཆེན་མི་དྲུག་ལ། ཡང་དག་བསྒྲུབ་པ་བརྫངས་ཏེ་མ་བྱོན་ཞེས་པ། ཧཱུྃ་མཛད་དྲག་པོ་གདན་འདྲེན་པ་ལ། དགེ་སློང་མི་ལྔ་དཔོན་དང་དྲུག་གིས་ཕྱིན་པ་ནི། སྣུབས་ནམ་མཁའི་སྙིང་པོ། འདྲེ་རྒྱལ་བའི་བློ་གྲོས། གླང་དཔལ་གྱི་སེང་གེ། རུ་གྱོང་འབིར་རྒྱ་ར་ཛ། གུ་ཀུ་ཨེ་བག་ཤ། ལང་གྲོ་དཀོན་ཅོག་འབྱུང་གནས་དྲུག་གིས་ཡང་དག་ཞུས་ནས་བསྒྱུར་རོ།།

     ༤༽ རོང་ཟོམ་ཆོས་འབྱུང་། རྒྱ་གར་མཁན་པོ་པྲ་ཛྙ་བར་མ་སོགས། །ཡབ་ཀྱི་སྤྱན་དྲངས་བཏང་པ་དེ་དུས་བྱོན། །སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར། །ཅེས་དང་། ལྡེའུར། རྒྱ་གར་གྱི་མཁས་པ་པྲ་ཛྙ་བར་མ་དང་། དཱ་ན་ཤི་ལ་ལ་སོགས་པ་ཡབ་ཀྱིས་བང་ཆེན་བཏང་བས་སྤྱན་དྲངས་པ་དེའི་དུས་སུ་བྱོན། སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར། དེ་འགྱུར་བདུན་པའོ།།

     ༥༽ རོང་ཟོམ་ཆོས་འབྱུང་། དེ་ནས་རྒྱལ་ས་རལ་པ་ཅན་ལ་གཏད། །བརྣོན་གྱིས་སྤྱན་དྲངས་བི་མ་ལ་ཡང་བྱོན། །ལོ་ཙ་མང་འཚོགས་དམ་ཆོས་བསྒྱུར་བ་ནི། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །གྲུབ་པ་སྡེ་དྲུག་ཕྲ་མོ་ཉི་ཤུ་གཅིག །ལུང་ཕྲན་བདུན་བཅུ་རྩ་ལྔ་དག་ཀྱང་བསྒྱུར། །ཅེས་དང་། ལྡེའུར། བརྒྱད་པ་རལ་པ་ཅན་གྱི་སྐུ་དྲིན་ལ། །གནོན་གྱིས་སྤྱན་དྲངས་བི་མ་ལ་བྱོན་ནས། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །སྒྲུབ་པ་སྡེ་ལྔ་ཕྲ་མོ་སུམ་ཅུ་གཅིག །ལུང་ཕྲན་བརྒྱད་ཅུ་རྩ་ལྔ་དག་ཀྱང་བསྒྱུར། །ཅེས་པ་ཁྲི་ལྡེ་སྲོང་བཙན་གྱི་སྲས་ལྔ་ལ། ལྡེའུ་དང་ལྷུན་གྲུབ་གཉིས་གྲོངས། མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ། གནོན་ཀླུའི་དབང་པོ་ལ། ཞེས་སོགས་གསུངས།

     ༦༽ རོང་ཟོམ་ཆོས་འབྱུང་། དེ་ནས་ཁམས་ཀྱི་འོ་རུ་བྱམས་ཆེན་གྱི། །བི་མ་མི་ཏྲ་ཕྱི་མ་སྤྱན་དྲངས་ཏེ། །བེ་རོ་ཙ་ན་བྱོན་ནས་ལོ་ཙ་མཛད། །ཡང་དག་སྒྲུབ་པ་བདག་དོན་གྲགས་རྣམས་བསྒྱུར། །དེ་ནས་དར་མས་ཆོས་སྣུབ་མངའ་རིས་རྒྱལ་ཕྲན་ཞིག །དེ་ནས་རྒྱ་གར་དྷ་ན་དྷ་ལ་བྱོན། །ཡོན་ཏན་རྒྱ་མཚོ་བསྣུབས་ལ་བསྟན་བསྲུངས་གནང་། །རྒྱ་གར་ཙནྟྲ་གཱི་ཏིས་ཐེབ་རྒྱ་བསྒྱུར། །དེ་ཡིས་གསང་སྔགས་རྙིང་མའི་འགྱུར་འཇུག་ཆད། །ཅེས་དང་། ལྡེའུར། དགུ་པ་ཁམས་ཀྱི་འོ་རུ་བྱམས་ཆེན་གྱིས་སྐད་པ། དེ་ནས་ཁམས་ཀྱི་འོ་རུ་བྱམས་ཆེན་ཞེས་པས། སློབ་དཔོན་བི་ཤ་མི་ཏྲ་ཕྱི་མ་ལ་སོགས་པ་སྤྱན་དྲངས། སློབ་དཔོན་བཻ་རོ་ཙ་ནས་ཚ་བའི་རོང་ན་ལོ་ཙཱ་མཛད་དེ། ཡང་དག་སྒྲུབ་པ་བདག་དོན་དུ་གྲགས་པ་བསྒྱུར་རོ། །དེ་ནས་གླང་དར་མས་ཆོས་བསྣུབས་ནས། ཆོས་བྱེད་རྣམས་བཀྲོངས། ཚན་གཅིག་ཆོས་གབ། ཚན་གཅིག་བྱང་སྨད་དུ་བྲོས། རལ་པ་ཅན་བཀྲོངས། གཅུང་གཙང་མ་མོན་དུ་སྤྱུགས། དར་མ་ཉིད་ཀྱང་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་ནས། མངའ་རིས་རྒྱལ་ཁམས་ཞིག དེའི་འོག་ཏུ་ཨ་ཙ་ར་ད་ན་ཏ་ལ་བྱོན་ནས། ཡོན་ཏན་རྒྱ་མཚོ་ལ་གཏོར་སྲུང་མང་དུ་གནང་སྟེ་བསྒྱུར་རོ། །རྒྱ་གར་ཙནྟྲ་ཀིརྟི་བྱོན་ནས། འོ་བྲན་བློ་གྲོས་དབང་ཕྱུག་ལ། གཤིན་རྗེ་ཐེབས་རྒྱ་གནང་ནས་བསྒྱུར་རོ། །འགྱུར་དགུ་པའོ། །ཞེས་དང་། ཡང་ཤོག་ངོས་ ༣༧༣ པ་ལས། རྙིང་མའི་འགྱུར་གཞུག་ཙནྟྲ་ཀིརྟིས་བཅད་ཅེས་པ། རྒྱ་གར་ཙནྡྲ་ཀིརྟི་བྱོན་ནས། འོ་བྲན་བློ་གྲོས་དབང་ཕྱུགས་ལ་གཤིན་རྗེ་ཐེབས་རྒྱ་གནང་བ་དང་། ཞེས་སོགས་དང་། ཡང་དེའི་མཇུག་ཏུ། དེ་ནི་སྔགས་རྙིང་མའི་འགྱུར་གཞུག་ཆད་ལུགས་སོ། །ཞེས་གསུངས།

     ༧༽ རོང་ཟོམ་ཆོས་འབྱུང་། དེ་ལྟར་བབས་བདུན་དག་ལ་མངའ་བརྙེས་པའི། །ལོ་ཙ་མཁས་པ་རྨ་སྨྱགས་རྣམ་གཉིས་(ཚིག་ཅིག་ཆད་པ་འདྲ།)། །སྨྱགས་ལ་དགྲ་གསུམ་འདུལ་བའི་སློབ་མ་གསུམ། །རྗེ་དང་ཐང་བཟང་འཚུར་ནག་ཡེ་ཤེས་དཔལ། །ཞེས་དང་། ལྡེའུར། བཀའ་ལུང་རུ་ཚུགས་སུ་འཆད་པ་ནི།འགྱུར་དེ་ཚོ་ལ་མངའ་བརྙེས་པའི་ལོ་ཙཱ་བ་ནི། རྨ་རིན་ཆེན་མཆོག སྙགས་ཛྙ་ན་ཀུ་མ་རའོ། །སྙགས་དེ་ལ་དགྲ་གསུམ་དར་ཏེ། དགྲ་གསུམ་འདུལ་བའི་སློབ་མ་བློ་རྣོན་གསུམ་ལ། འཛེང་ཨུ་པ་དེ་གསལ་རབ་རིན་ཆེན། ཐང་བཟད་དཔལ་གྱི་རྡོ་རྗེ། ཚུར་ནག་ཡེ་ཤེས་དཔལ་ལོ།།

     ༨༽ རོང་ཟོམ་ཆོས་འབྱུང་། བཞི་ཡོད་སྣུབས་པས་སངས་རྒྱས་ཡེ་ཤེས་ལ། །དེ་ནི་སྔ་འགྱུར་དག་གིས་མ་ཚིམ་སྟེ། །རྒྱ་དང་བལ་པོ་གྲུ་ཞ་གསུམ་དུ་བྱོན། །ཆོས་སྨན་སྒྲུབ་པའི་ངན་སྔགས་མཐར་ཐུག་བཙལ། །ཞེས་དང་། ལྡེའུར། བཅུ་སངས་རྒྱས་ཡེ་ཤེས་མ་ཚིམས་ཏེ། །རྒྱ་དང་བལ་པོ་བྲུ་ཤར་བྱོན་ནས་སུ། །སྨན་དང་སྒྲུབ་ཡིག་དགོངས་འདུས་ཁྱད་པར་བསྒྱུར། །སྐད་པ། ཞེས་སོགས་གསུང་།

     ༩༽ རོང་ཟོམ་ཆོས་འབྱུང་། གྲོང་ཁྱེར་ཕུང་བྱས་བལ་ཡུལ་ཡམ་གླིང་དུ། །གཤེད་པར་འདོད་པས་མ་བཏོལ་གཙང་སྨད་དུ། །བཀའ་གཏེར་གཉིས་སུ་ཕྱེས་ནས་གཏེར་མ་སྦས། །བཀའ་མ་ཐུགས་ཀྱི་སྲས་བཞི་དག་དང་ནི། །གཙང་སྟོན་སློབ་མ་རིན་ཆེན་གསུམ་ལ་བཤད།། ལྡེའུར། དེ་ནས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དེས། བལ་ཡུལ་དུ་གཤེགས་པར་བཞེད་པ་ལ་མ་བརྟོལ་ནས། ཟབ་དགུ་གཏེར་དུ་སྦས་ཏེ་གསུངས་པ། ཞེས་ཁོང་གི་མགུར་ཞིག་དྲངས་འདུག་པ་དེར། འབངས་ཀྱིས་ཁེང་ལོག་རྒྱལ་ཁམས་ཕུང་བར་བྱས། །བལ་ཡུལ་ཡམ་བུ་ཉིད་དུ་འགྲོ་བསམ་པས། །ལས་ཀྱིས་གཏུགས་ནས་བརྟོལ་བར་མ་ཐར་བས། །ཞེས་སོགས་རྒྱས་པར་བཀོད་འདུག

     ༡༠༽ རོང་ཟོམ་ཆོས་འབྱུང་། སྙན་རྒྱུད་ཐོར་བུ་ཆད་པ་ཤིན་ཏུ་མང་། །གྲོལ་སྙིང་ཞང་དང་གསུམ་ནས་བརྒྱུད་པ་ལ། །ཐུགས་ཀྱི་སྲས་བརྒྱད་དཔའ་བཞི་ཡེ་ཤེས་བཞི། །བླ་ཆེན་དགོས་པ་གསལ་ནས་བརྒྱུད་པའམ། །པདྨ་སྣ་ལམ་དག་ལ་བརྒྱུད་པའམ། །བཻ་རོ་ཙ་ནས་གཡུ་སྒྲ་དག་ལའམ། །བི་མ་ལ་ནས་མྱང་ལ་བརྒྱུད་པའམ། །ཨ་རོ་ཡེ་ཤེས་དག་ནས་བརྒྱུད་པའམ། །དེ་སོགས་མང་སྟེ་བརྒྱུད་པ་ཆོས་བཟང་འཛིན། །ཅེས་དང་། ལྡེའུར། གཉན་རྒྱུད་ཐོར་བུ་ཆད་པ་ཤིན་ཏུ་མང་ཏེ། གྲོལ་གཉེན་ཞག་དང་གསུམ་གྱིས་གཉེན་ཆེན་དཔལ་བཟང་ལ་རྒྱུད། དེས་བླ་ཆེན་པོ་དགོངས་གསལ་ལ་རྒྱུད་པའི་ལོ་རྒྱུས་སམ། སློབ་དཔོན་པད་མས་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་སོགས་པ་བརྒྱད་ལ་བརྒྱུད་པ་ནི། ཞེས་སོགས་ནས། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་ཅོང་རོ་ཁ་མཛོད་ཁུར་ལ་བརྒྱུད། དེ་ལྟར་གཉན་རྒྱུད་ཐོར་བུ་ཆད་པ་ནི་ཤིན་ཏུ་མང་སྟེ། དེའི་བརྒྱུད་པ་ཐམས་ཅད་རོང་པ་ཆོས་བཟང་གིས་འཛིན་ནོ། །ཞེས་སོགས་གསུངས་སོ།།

     དེ་ལྟར་ཡིག་ཆ་གཉིས་པོའི་ཚིག་དོན་རྣམས་ཕན་ཚུན་མཚུངས་བསྡུར་བྱས་ཚེ། ཡོན་ཏན་ལྷུན་གྲུབ་ཀྱིས་ལུང་འདྲེན་བྱས་པའི་རོང་ཟོམ་པའི་ཆོས་འབྱུང་གི་རྩ་ཚིག་རྣམས་དང་། ལྡེའུ་ཆོས་འབྱུང་རྒྱས་པ་གཉིས་ཀྱི་ཚིག་དོན་རྣམས། གོ་རིམ་ཙམ་ཡང་མ་འཁྲུགས་པར་རྩ་འགྲེལ་སྦྲག་ནས་སོ་སོར་སྦྱར་ནུས་སུ་འདུག་ཀྱང་། ཚིག་ཚོགས་ཉུང་བ་འགའ་ཞིག་དཔེ་མཚོན་ཙམ་དུ་བཀོད་པ་ལས། སྐབས་འདིའི་རྩ་འགྲེལ་ཚང་མ་ལྟོ་སྦྱར་དགོས་ན། ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་ནང་ནས་བྱུང་བའི་རོང་ཟོམ་ཆོས་འབྱུང་གི་ཚིག་དེ་དག ལྡེའུ་ཆོས་འབྱུང་གི་གཞུང་དོན་སུམ་ཆ་གཅིག་ཙམ་གྱི་རྩ་བ་རུ་གྱུར་འདུག་པས་ དེ་ནི་བདག་ལྟ་བུའི་བརྩོན་པ་དང་དུས་ཚོད་གཉིས་ཀས་མི་ལྕོགས་པ་ཞིག་རེད། ཡིན་ཡང་བཙུན་པ་ཡོན་ཏན་ལྷུན་གྲུབ་ཀྱིས་ལུང་འདྲེན་བྱས་པའི། རོང་ཟོམ་ཆོས་འབྱུང་གི་རྩ་བ་རྣམས་ཁོལ་ཏུ་ཕྱུང་སྟེ་འོག་ཏུ་འགོད་རྒྱུ་ཡིན་པས། ཀློག་པ་པོ་ཚོས་དེ་དང་ལྡེའུ་ཆོས་འབྱུང་རྒྱས་པའི། བཙན་པོ་ཁྲི་སྲོང་གི་ལོ་རྒྱུས་བསྟན་པའི་མཚམས་དེ་ནས་དབུ་བཟུང་སྟེ་མཚུངས་བསྡུར་ཞིག་གནང་དང་། ངེས་ཤེས་སྔར་ལས་ལྷག་པ་རེ་སྐྱེ་ངེས་པའི་ཡིད་ཆེས་ཡོད།

     དེ་ལྟར་མཚུངས་བསྡུར་བྱས་ཚེ། སྤྱིའི་ཆ་ནས་གཞུང་གཉིས་པོའི་བར་རྩ་འགྲེལ་གྱི་འབྲེལ་བ་ཞིག་ཆགས་འདུག་པ་ནི་གོ་སླ་བར་འདུག་རུང་། དཔེར་ན་རོང་ཟོམ་ཆོས་འབྱུང་གི་རྩ་བར། གསང་སྔགས་བྱུང་ཚུལ་བབས་བདུན་ཚུལ་བཞི་དང་། །ཡོངས་སུ་རྫོགས་པའི་སྐོར་དང་ལྔ་ཡིས་བསྟན། །ཞེས་གསང་སྔགས་བབས་བདུན་ཚུལ་བཞི་ཡོངས་སུ་རྫོགས་པའི་སྐོར་དང་ལྔའི་སྒོ་ནས་བསྟན་འདུག་ཀྱང་། ལྡེའུ་ཆོས་འབྱུང་གི་རྩ་བར། དེ་ལ་གསང་སྔགས་འགྱུར་བཅུ་འཆད་ཚུལ་བཞི། །ཡོངས་སུ་རྫོགས་པའི་སྐོར་དང་ལྔ་ཞེས་གྲགས། །ཞེས་པའི་ཚིག་དོན་གཉིས་སྔ་མ་དང་ཕལ་ཆེ་བ་འདྲ་ནའང་། འགྱུར་བཅུ་ཞེས་སྔ་མའི་བབས་བདུན་གྱི་སྟེང་དུ་གསུམ་སྣོན་འདུག་པས། ཅུང་ཟད་མི་མཚུངས་པ་དེ་འདྲ་འགའ་རེ་འདུག་ལ། ཡང་རོང་ཟོམ་པའི་ཆོས་འབྱུང་དུ། བརྣོན་གྱིས་སྤྱན་དྲངས་བི་མ་ལ་ཡང་བྱོན། །ལོ་ཙ་མང་འཚོགས་དམ་ཆོས་བསྒྱུར་བ་ནི། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །ཞེས་བྱུང་ནའང་། ལྡེའུར།གནོན་གྱིས་སྤྱན་དྲངས་བི་མ་ལ་བྱོན་ནས། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །ཞེས་གཞུང་སྔ་མའི་ཁྲོད་ཀྱི་ཚིག་རྐང་གཉིས་པ་དེ་ཕྱི་མའི་རྩ་བར་དངོས་སུ་མི་འདུག་ཀྱང་། འགྲེལ་པས་འགྲེལ་བའི་སྐབས་སུ་དོན་ཐོབ་ཀྱིས་བྱུང་འདུག་པ་འདུག་སྟེ། དེའི་སྐབས་ཀྱི་ལྡེའུ་ཆོས་འབྱུང་རྒྱས་པ་ལས། མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ། གནོན་ཀླུའི་དབང་པོ་ལ། མེས་ཁྲིས་སྲོང་ལྡེ་བཙན་གྱིས་གསེར་ཕྱེ་བྲེ་གང་བསྐུར་ནས་བི་མ་ལ་སྤྱན་འདྲེན་དུ་བཏང་བ། རལ་པ་ཅན་གྱི་དུས་སུ་བྱོན་ནས། ལོ་ཙཱ་བ་ནམ་མཁའ་*ཕྲན་བ་*། སྙགས་ཛྙ་ན་ཀུ་མ་ར། རྨ་རིན་ཆེན་མཆོག ངན་བུ་རྒྱལ་བ་བྱང་ཆུབ། གཡུ་སྒྲ་སྙིང་པོ་ལ་སོགས་པས་ཆོས་མང་དུ་བསྒྱུར་ཏེ་གཏན་ལ་ཕབ།འགྱུར་འཕྲོ་རྣམས་ཀྱང་བསྒྱུར། ཞེས་པ་ལྟུ་བུ་དང་། ཡང་རོང་ཟོམ་པའི་ཆོས་འབྱུང་དུ།དེ་ལ་འཆད་ཚུལ་རྣམ་བཞི་བྱ་བ་ནི། །བཀའ་ལུང་རུ་ལུགས་ཡོངས་གྲགས་རྟོགས་ཆོས་དང་། །འགྲེལ་སྒྲུབ་དག་གིས་རྒྱུད་གཞུང་ལྟེམས་པ་དང་། །སེམས་ཕྱོགས་སྙན་རྒྱུད་ཐོར་བུ་འཆད་པའོ། །ཞེས་པའི་ཐད་ཀྱི་ལྡེའུ་ཆོས་འབྱུང་དུ། དེ་ལྟར་འགྱུར་བའི་ཆོས་ལ་འཆད་ཚུལ་བཞི་སྟེ། བཀའ་ལུང་རུ་ཚུགས་སུ་འཆད་པ་དང་། ཡོངས་གྲགས་རྟོགས་ཆོས་སུ་འཆད་པ། འགྲེལ་པ་རྒྱུད་གཞུང་ལྟེམས་པའི་སྐོར་དུ་འཆད་པ། གཉན་རྒྱུད་ཐོར་བུར་འཆད་པའོ། །ཞེས་གསུངས་པ་ལྟ་བུ་འགྲེལ་པ་ཁོ་ན་ལས་རྩ་བ་བཀོད་མེད་པ་སོགས་སྣ་ཚོགས་འདུག་པས། གཞུང་གཉིས་པོ་ཞིབ་བསྡུར་གནང་སྐབས་དེ་དག་ལ་ཉམས་འཇོག་བྱ་རྒྱུ་ཧ་ཅང་གལ་ཆེ་བར་སེམས་སོ།།


གཉིས་པ་རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མར་གྲགས་པ་དེ་ཀུན་མཁྱེན་རོང་ཟོམ་པའི་གསུང་དངོས་ཡིན་མིན་སྐོར་ལ་ཅུང་ཟད་དཔྱད་ན།

     རོང་ཟོམ་པས་སྔ་འགྱུར་ཆེ་བ་དྲུག་གསུངས་པའི་སྐོར་དང་། སོག་བཟློག་པས་རོང་ཟོམ་ཆོས་འབྱུང་དུ་ཡེར་པའི་གྲུབ་ཆེན་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་དང་བརྒྱད་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པར་གསུངས་པ་རྣམས། ལྡེའུ་ཆོས་འབྱུང་རྩ་འགྲེལ་གཉིས་སུ་མི་གསལ་ཡང་། གཞུང་དེ་ཁོ་ནའི་ནང་དུ་ཡོད་དགོས་པའི་ངེས་པའང་མེད་དེ། རོང་ཟོམ་པས་མཛད་པའི་ཆོས་འབྱུང་ཚིགས་བཅད་མ་དེ་ལས་གཞན་པ་ཞིག་ཀྱང་ཡོད་འདུག་པའི་ཕྱིར། དེ་ཡང་སྣང་བ་ལྷར་བསྒྲུབ་པའི་ཚུལ་ལ་བརྟག་པ་ཞེས་པའི་ནང་དུ། རོང་ཟོམ་པས་མཛད་པའི་བྱང་གཏེར་ཐུགས་སྒྲུབ་ཀྱི་ལོ་རྒྱུས་དང་ཕྱོགས་མཚུངས་པ་ཞིག་ཀྱང་ཡོད་པ་འདྲ་སྟེ། སོག་བཟློག་པས། ལོ་རྒྱུས་འདི་རོང་ཟོམ་གྱི་ཕྱག་དཔེ་ཡིན་ཟེར་བའི་ཡིག་ཆུང་བཏབ་པ་ལ། སྔར་དུས་ལྕགས་སྨྱུག་གིས་བྲིས་པའི་ཤོག་འཁྱར་གཉིས་སྣར་ལྕེ་སྣའི་སྤེའུ་ན་འཁྱར་བ་ཞིག་ན་འདུག བྱང་གཏེར་ཐུགས་སྒྲུབ་ཀྱི་ལོ་རྒྱུས་དེ་དང་བཀའ་གཏེར་གྱི་ཁྱད་པར་འདྲ་མིན་ཅུང་ཟད་མ་གཏོགས་གཅིག་པར་སྣང་ངོ་། །ཞེས་གསུངས་པའི་ཕྱག་དཔེ་དེ་ཐུགས་སྒྲུབ་སྐོར་གྱི་ལོ་རྒྱུས་ཤིག་ཡིན་ཚོད་འདུག ཅེས་གསུངས་པས་སོ། །དེ་མིན་ལྡེའུ་ཆོས་འབྱུང་རྒྱས་པ་ལས་བོད་ཡུལ་དུ་ཆོས་བྱོན་པའི་ལོ་རྒྱུས་བསྟན་པའི་སྐབས་ཀྱི་མཆོད་བརྗོད་ཀྱི་རྩ་ཚིག་དེ་འགྲེལ་སྐབས། གང་ཟག་གང་གིས་བཙལ་ན། སྔོན་བྱུང་རིག་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ། ད་ལྟར་མཁས་པ་ཇོ་ནམ། རྗེས་འཇུག་ཏུ་ཕྱི་རབས་གང་ཟག་འདི་ལ་ཉན་བཤད་བྱེད་པ་རྣམས་སོ། །ཞེས་པའི་ཚིག་དོན་ལ་དཔྱད་ན། རྩ་བ་རྩོམ་པོའི་མཚན་ལ་དགེ་བཤེས་ཇོ་འབུམ་ཞུ་གི་ཡོད་པར་གསལ་བས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གང་ཟག་དེ་ནི་དེབ་སྔོན་དུ་འཁོད་པའི་ཇོ་འབུམ་ཞེས་པ་དེ་ཡིན་སྲིད་པར་གསུངས་འདུག་པ་དེའི་སྐོར་ནི། བློ་ལྡན་དག་གིས་དཔྱད་པར་བྱ་བའི་གནས་སུ་འདུག་པ་ལས། བདག་གིས་ནི་གླེང་རིན་ཡོད་པའི་གོ་དོན་ཞིག་རྙེད་མ་སོང་།།

     སྐབས་བབས་ཀྱི་གནད་དོན་གཙོ་བོ་ནི། བཙུན་པ་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་དུ་དྲངས་པའི་ལུང་ཚིག་རྣམས་དང་། ལྡེའུ་ཆོས་འབྱུང་གི་རྩ་འགྲེལ་དག་བསྡུར་ན། ཀུན་མཁྱེན་རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མར་གྲགས་པ་དེ། ལྡེའུ་ཆོས་འབྱུང་གི་རྩ་བ་འདི་ཉིད་ཡིན་མིན་ལ་ཐེ་ཚོམ་མི་དགོས་པ་ནི་མངོན་སུམ་ཚད་མས་གྲུབ་ཅིང་། བཙུན་པ་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་དེའི་ནང་དུ། ལྡེའུ་ཆོས་འབྱུང་གི་ཚིག་མང་པོ་ཞིག་བཟོ་བཅོས་གཏན་ནས་མ་བཏང་བར་ཇི་བཞིན་དུ་བཀོད་འདུག །དཔེར་ན་དེའི་ཤོག་ངོས་ ༤༡༢ པར། དགྲ་ཐབས་ཟབ་མོས་མཐའི་དགྲ་འདུལ། ཆོས་ལུགས་བཟང་པོས་ཡུན་གྱི་སྲིད་བརྟན། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དང་འདྲ་བ་སྦོམ་ལ་ལྕི། ཆོས་ཁྲིམས་དར་གྱི་མདུད་པ་དང་འདྲ་སྟེ་འཇམ་ལ་དམ། ཞེས་པ་ནས། ཆོས་ཀྱི་ལོངས་སྤྱོད་སྟུག་པོ་བཀོད་པའི་ཞིང་ཁམས་དང་འདྲ་ལ། ཞེས་ལྡེའུ་ཆོས་འབྱུང་གི་ཤོག་ངོས་གཅིག་ཙམ་ཞིག་ཚིག་མཐུན་པར་སྟབས་གཅིག་ཏུ་བཀོད་འདུག་པ་ལྟ་བུ་རེད། 

     དེ་ལྟར་ལྡེའུ་ཆོས་འབྱུང་རྒྱས་པ་འདི་ལ་ཁོང་གིས་ལོ་རྒྱུས་ཡིག་ཆ་གཞན་དང་མི་འདྲ་བར་ཧ་ཅང་རྩིས་ཆེན་མཛད་འདུག་པའི་ཚུལ་ལ་དཔྱད་ན། གཞུང་འདི་རོང་ཟོམ་པའི་གསུང་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པས་ཡིན་ཤས་ཆེ་བར་སེམས་ཤིང་། རོང་ཟོམ་པའི་ཆོས་འབྱུང་དུ། དེ་སོགས་མང་སྟེ་བརྒྱུད་པ་ཆོས་བཟང་འཛིན། །ཞེས་རྫོགས་ཆེན་སོགས་ཀྱི་བརྒྱུད་པ་མང་དུ་ཡོད་པ་དག་གི་མཐའ། ཀུན་མཁྱེན་རོང་ཟོམ་རང་ཉིད་ཀྱིས་བཟུང་ཡོད་པར་གསུངས་པ་ལས། དེའི་འོག་གི་བརྒྱུད་ཚུལ་གཞན་མ་གསུངས་པ་བཞིན་དུ། ལྡེའུ་ཆོས་འབྱུང་གི་རྩ་འགྲེལ་གཉིས་སུའང་། གསང་སྔགས་བརྒྱུད་པ་ཆོས་ཀྱི་བཟང་པོས་བཟུང་ཞེས་པ་ནི། རྫོགས་ཆེན་ལ་སོགས་པ་སྙན་བརྒྱུད་ཐམས་ཅད་ཀྱི་རྒྱུད་པ་རོང་པ་ཆོས་བཟང་གིས་བཟུང་ངོ་། །ཞེས་གོང་དང་མཐུན་པ་ལས། དེའི་འོག་གི་བརྒྱུད་ཚུལ་གཞན་གང་ཡང་མ་བགྲང་བར་མཇུག་བསྡུས་འདུག་པ་འདིས་ཀྱང་། ལྡེའུ་ཆོས་འབྱུང་རྒྱས་པའི་རྩ་བ་དེ་རོང་ཟོམ་པའི་ཡིན་པ་དང་། ཆོས་འབྱུང་རྒྱས་པ་འདི་དེའི་འགྲེལ་པ་ཡིན་པར་ཕྱོགས་ཙམ་རྟོགས་ཐུབ་སྟེ། དེ་ལྟར་མིན་ན་སྔར་གྱི་ཆོས་འབྱུང་མཛད་པ་པོ་ཕལ་མོ་ཆེས། དབང་ལུང་མན་ངག་སོགས་ཀྱི་བརྒྱུད་པ་དེ་དག་རྩོམ་པ་པོ་རང་ཉིད་ཀྱི་བར་དུ་གཏུག་སྲོལ་འདུག་པ་དང་། མི་མཐུན་པའི་རྒྱུ་མཚན་གཞན་བཙལ་དགོས་པར་འགྱུར་ནའང་། ཀུན་མཁྱེན་རོང་ཟོམ་པའི་མཚམས་དེ་ནས་རྗེས་ཀྱི་གང་ཟག་གཞན་པའི་བརྒྱུད་པ་གཅིག་ཀྱང་བཤད་མེད་པ། དེའི་དགོས་པ་གཞན་གང་ཡིན་རྙེད་དུ་མེད་པས་སོ།།

     གཞན་ཡང་སྔར་གྱི་ཡིག་རྙིང་དག་གིས་ཀྱང་། རོང་ཟོམ་པའི་ཆོས་འབྱུང་ཚིགས་བཅད་མར་གྲགས་པ་དེ། ཀུན་མཁྱེན་རོང་ཟོམ་པ་རང་ཉིད་ཀྱིས་མཛད་པ་ཞིག་ཡིན་པར་གྲུབ་སྟེ། དུས་རབས་བཅུ་གསུམ་པའི་སྟོད་ཙམ་ནས་བྱོན་པའི། བཙུན་པ་ཡོན་ཏན་ལྷུན་གྲུབ་ཀྱིས་རང་གི་ཆོས་འབྱུང་དུ་ཆོས་འབྱུང་ཚིགས་བཅད་མ་དེའི་ལུང་། རོང་པ་ཆོས་བཟང་གི་མཚན་ཐོག་ནས་ཐེངས་གསུམ་ཙམ་དྲངས་འདུག་ཀྱང་། དེ་རོང་ཟོམ་པའི་གསུང་ཡིན་ཤག་མཛད་པ་ལས། གཞན་དུ་དོགས་པ་ཙམ་ཡང་གནང་མི་འདུག་པའི་ཕྱིར་དང་། དུས་རབས་བཅུ་དྲུག་པའི་ནང་དུ་བྱོན་པའི་སོག་བཟློག་པས་གུ་རུའི་རྣམ་ཐར་ཡིད་ཀྱི་མུན་སེལ་དུ། དོན་དུ་ན་རོང་ཟོམ་གྱི་བཞེད་པ་ལྟར་བོད་དུ་གསང་སྔགས་བབས་བདུན་ཞེས་སོགས། ཆོས་འབྱུང་འདིའི་བཞེད་པ་བཀོད་པ་ཡོད་པ་དང་། དེའང་རོང་ཟོམ་ཆོས་བཟང་གིས། རིག་འཛིན་གྲལ་ཐོབ་པདྨ་འབྱུང་གནས་དེ། །ཞེས་པ་ནས། རྩ་བཞི་དག་ཏུ་ཕྱེས་ནས་བཞག་པ་ཡིན། །ཞེས་པའི་བར་གྱི་ཆོས་འབྱུང་ཚིགས་བཅད་མའི་ལུང་ཤོ་ལོ་ཀ་ཕྱེད་དང་གསུམ་ཙམ་དྲངས་ཏེ། དེ་རོང་ཟོམ་པའི་གསུང་ཡིན་པར་བཞེད་འདུག་པའི་ཕྱིར་དང་། ཡང་དུས་རབས་དྲུག་པའི་ནང་དུ་བྱོན་པའི་གཡག་སྡེ་འདུལ་འཛིན་མཁྱེན་རབས་རྒྱ་མཚོས་ཀྱང་། ཆོས་འབྱུང་ནོར་བུའི་ཕྲེང་བ་རུ། རྩང་རོང་དུ་སྐུ་འཁྲུངས་པའི་ལོ་ཙྪ་བ་རོང་ཟོམ་ཆོས་ཀྱི་བཟང་པོས། ཚིགས་སུ་བཅད་ལ་གསང་སྔགས་བྱུང་ཚུལ་བབས་བདུན་ཚུལ་བཞི་དང་ཡོངས་སུ་རྫོགས་པའི་སྐོར་དང་ལྔ་བཤད། ཅེས་ཆོས་འབྱུང་ཚིགས་བཅད་མ་འདིའི་བཞེད་པ་བཀོད་དེ། དེ་ནི་ཀུན་མཁྱེན་རོང་ཟོམ་པའི་གསུང་ཡིན་པར་གསུངས་འདུག་པའི་ཕྱིར་རོ།།


མཐར་ཡོན་ཏན་ལྷུན་གྲུབ་ཀྱིས་དྲངས་པའི་རོང་ཟོམ་ཆོས་འབྱུང་གི་ཚིག་རྣམས་འདིར་བཀོད་ན།

     ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་གི་ཤོག་ངོས་ ༡༨༠ པ་ལས། སློབ་དཔོན་པདྨས་ནི་གསང་སྔགས་བསྒྱུར་བའི་དབུ་བརྙེས་པ་ཡིན་ཏེ། རོང་པ་ཆོས་ཀྱི་བཟང་པོས་ཚིག་བཅད་དུ་སྡེབས་པ་ལས། ཡོན་ཏན་བདུན་ལྡན་བོད་ཀྱི་རྒྱལ་ཁམས་འདིར། །གསང་སྔགས་བྱུང་ཚུལ་བབས་བདུན་ཚུལ་བཞི་དང་། །ཡོངས་སུ་རྫོགས་པའི་སྐོར་དང་ལྔ་ཡིས་བསྟན། །རིག་འཛིན་གྲལ་ཐོབ་པདྨ་འབྱུང་གནས་ཏེ། །རྒྱལ་པོས་སྤྱན་དྲངས་ཆོས་སྐོར་ས་གཞི་བརྟུལ། །བོད་ཁམས་ལྷ་འདྲེ་རྣམས་ཀྱང་དམ་ལ་བཏགས། །རྒྱལ་བློན་འབངས་རྣམས་གཞན་པས་འདུལ་བཀའ་བས། །བསྟན་པ་རིན་ཆེན་ཚུགས་པའི་ཆ་ལག་ཏུ། །སྙིང་ཞགས་ལས་གཤིན་པདྨ་ཕུར་བུ་བསྒྱུར། །དེ་ཡི་ཡན་ལག་ཕྲིན་ལས་རྣམ་བཞི་ལ། །འཇམ་དཔལ་ཆེ་མཆོག་དབང་ཆེན་ཕུར་བུ་བཞི། །བསྟན་པ་སྲུང་ཕྱིར་ལས་ཁ་བཞི་བརྒྱ་དང་། །རྩ་བཞི་དག་ཏུ་ཕྱེ་ནས་བཞག་པ་ཡིན། །ཤནྟིཾ་གརྦྷས་ཀྲྀ་ཡོག་ཤས་ཙམ་བསྒྱུར། །སངས་རྒྱས་གསང་བས་བོད་ལ་ཆོས་ལྔ་བརྫངས། །ཧཱུྃ་མཛད་གྲགས་པ་སྤྱན་འདྲེན་བང་ཆེན་དྲུག །འབྲེ་སྣུབས་གླང་རུ་གྲུ་གུ་ལང་གྲོ་ལ། །ཡང་དག་གྲུབ་པ་བརྫང་ཏེ་མ་བྱོན་སྐད། །ཤྲི་སིང་ཧ་སྤྱན་འདྲེན་སྤང་གོར་རྩངས། །རྫོགས་པ་ཆེན་པོ་བརྫང་ཏེ་སྤྱན་མ་འདྲོངས། །དེ་ལྔ་ཁྲི་སྲོང་ལྡེ་བཙན་ཕྱག་དུ་བཞེས། །རྒྱ་གར་མཁན་པོ་པྲ་ཛྙ་བར་མ་སོགས། །ཡབ་ཀྱི་སྤྱན་དྲངས་བཏང་པ་དེ་དུས་བྱོན། །སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར། །དེ་ནས་རྒྱལ་ས་རལ་པ་ཅན་ལ་གཏད། །བརྣོན་གྱིས་སྤྱན་དྲངས་བི་མ་ལ་ཡང་བྱོན། །ལོ་ཙ་མང་འཚོགས་དམ་ཆོས་བསྒྱུར་བ་ནི། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །གྲུབ་པ་སྡེ་དྲུག་ཕྲ་མོ་ཉི་ཤུ་གཅིག །ལུང་ཕྲན་བདུན་བཅུ་རྩ་ལྔ་དག་ཀྱང་བསྒྱུར། །དེ་ནས་ཁམས་ཀྱི་འོ་རུ་བྱམས་ཆེན་གྱི། །བི་མ་མི་ཏྲ་ཕྱི་མ་སྤྱན་དྲངས་ཏེ། །བེ་རོ་ཙ་ན་བྱོན་ནས་ལོ་ཙ་མཛད། །ཡང་དག་སྒྲུབ་པ་བདག་དོན་གྲགས་རྣམས་བསྒྱུར། །དེ་ནས་དར་མས་ཆོས་སྣུབ་མངའ་རིས་རྒྱལ་ཕྲན་ཞིག །དེ་ནས་རྒྱ་གར་དྷ་ན་དྷ་ལ་བྱོན། །ཡོན་ཏན་རྒྱ་མཚོ་བསྣུབས་ལ་བསྟན་བསྲུངས་གནང་། །རྒྱ་གར་ཙནྟྲ་གཱི་ཏིས་ཐེབ་རྒྱ་བསྒྱུར། །དེ་ཡིས་གསང་སྔགས་རྙིང་མའི་འགྱུར་འཇུག་ཆད། །ཅེས་པ་བཞིན། ཞེས་དང་།

      ཡང་གཞུང་དེའི་ཤོག་ངོས་ ༤༡༤ པའི་ངོས་སུ། ཡང་རོང་ཟོམ་གྱི་ཚིགས་བཅད་མུས་དེ་ལ། དེ་ལྟར་བབས་བདུན་དག་ལ་མངའ་བརྙེས་པའི། །ལོ་ཙ་མཁས་པ་རྨ་སྨྱགས་རྣམ་གཉིས། །སྨྱགས་ལ་དགྲ་གསུམ་འདུལ་བའི་སློབ་མ་གསུམ། །རྗེ་དང་ཐང་བཟང་འཚུར་ནག་ཡེ་ཤེས་དཔལ། །ལུང་དང་མན་ངག་གཏད་པའི་སློབ་མ་ལྔ། །ཁྲ་སྐྱེལ་སྦལ་སོགས་ཐུགས་ཀྱི་སྲས་བཞི་ཟེར། །སྒྲོལ་མ་མངའ་སྙེམས་དཔལ་གྱི་གཞོན་ནུ་ཡིན། །རྨ་ལ་སློབ་མ་མཁས་པ་རྣམ་པ་བཞི། །སྐམ་དང་གྱེ་རེ་ལྕེ་ས་ནམ་ནད་བཞི། །དེ་ལ་འཆད་ཚུལ་རྣམ་བཞི་བྱ་བ་ནི། །བཀའ་ལུང་རུ་ལུགས་ཡོངས་གྲགས་རྟོགས་ཆོས་དང་། །འགྲེལ་སྒྲུབ་དག་གིས་རྒྱུད་གཞུང་ལྟེམས་པ་དང་། །སེམས་ཕྱོགས་སྙན་རྒྱུད་ཐོར་བུ་འཆད་པའོ། །བཀའ་ལུགས་ཡོངས་གྲགས་རྨ་སྨྱགས་གཉིས་པོ་ཡིན། །སློབ་མ་ཁུ་དང་ཁྱུང་པོ་གཉིས་ལས་གྱེས། །ཁུ་ཡི་སློབ་མ་ཅོག་རོ་རྒྱལ་བུ་ཡིན། །དེ་ཡི་སློབ་མ་རྒྱལ་བའི་ཡོན་ཏན་ཡིན། །རྨ་ཡི་སློབ་མ་གྱེ་རེ་མཆོག་སྐྱོང་གིས། །གཙུག་རུ་རིན་ཆེན་གཞོན་ནུ་དག་ལ་བཤད། །དེ་ཡི་འགོ་བོམ་བྱང་ཆུབ་ཚུལ་ཁྲིམས་ལ། །འགོ་བོམ་ཁ་ཡིས་རྟོག་རྗེ་འཇམ་དཔལ་དང་། །ལ་གསུམ་གཞོན་ནུ་མཆོག་དང་གཉིས་ལ་བཤད། །དེ་ཡི་སློབ་མ་རྒྱ་ནོམ་རམ་པ་གཉིས། །དེ་ཡི་སློབ་མ་རྒྱ་འོམ་རྣམ་པ་གཉིས། །རྟོག་རྗེས་བྱང་ཆུབ་རྣམ་གསུམ་སྦ་དང་བཞི། །རྗེད་བུས་རོང་དུ་བཤད་པས་རོང་ལུགས་ཟེར། །གསུམ་པོས་འཕྱིམས་ཕུར་བསྒོམས་པས་འཆིམས་ལུགས་ཟེར། །ལྕོག་རོ་རྒྱལ་བའི་ཡོན་ཏན་མཆིམས་ཕུ་ནས། །མགར་གྱི་སྤྱན་དྲངས་མྱང་རོ་སྨད་དུ་བྱོན། །དེ་ནི་བཀའ་ལུགས་དག་གི་ཕུག་མ་ཡིན། །བོད་ཀྱི་མཁས་པ་ཀུན་ལ་ཐུག་པ་སྟེ། །དེ་ཡི་རིམ་པས་དཔེ་སྙ་ཟ་རིད་དང་། །སྣུབ་དང་ཟུར་ལ་ཐུག་པ་གཙང་ལུགས་ཡིན། །དེ་ནས་ཡོངས་གྲགས་སྡོག་ཆོས་བྱུང་ལུགས་ནི། །ཁྱུང་པོའི་སློབ་མ་ཟླ་ལྕོག་ཡེ་ཤེས་ཀྱིས། །དེར་རྗེས་དཔལ་གྱི་གྲགས་ལ་བཤད་པ་ཡིན། །དེ་ཡིས་ཞང་ལ་ཞུས་པས་འཕྱོང་དྲུག་བཤད། །དེ་ཡིས་རྐྱེན་གྱིས་ཡོངས་བསྒྲགས་སྡོག་ཆོས་བྱུང་། །དེར་ཁམས་སུ་བྱོན་ནས་སྣུབས་ལ་བཤད། །དེ་ལ་སློབ་མ་རྒྱལ་མཚན་རྣམ་གསུམ་བྱུང་། །ཁམས་ནས་ལོག་ནས་དེ་རྗེས་དབུས་སུ་སྤེལ། །གཙང་གི་ཡོངས་གྲགས་དག་ཀྱང་དབུས་ན་འཕེལ། །གཙང་པ་མི་དྲུག་དཔོན་དང་བདུན་གྱིས་ཞུས། །དབུས་ཀྱི་དར་རྗེ་དག་ལ་ཞུས་པ་སྟེ། །བཀའ་ལུགས་ཡོངས་གྲགས་གཉིས་ཀྱི་འཐེན་ལུགས་སོ། །འགྲེལ་སྒྲུབ་དག་གིས་རྒྱུད་གཞུང་གཏེམས་པའི་བསྐོར། །བཻ་རོ་ཙ་ནའི་བརྒྱུད་པ་བར་མ་སྟེ། །གཡུ་སྒྲས་སྨྱགས་ལ་དེ་ལ་སློབ་མ་བཞི། །བཞི་ཡོད་སྣུབས་པས་སངས་རྒྱས་ཡེ་ཤེས་ལ། །དེ་ནི་སྔ་འགྱུར་དག་གིས་མ་ཚིམ་སྟེ། །རྒྱ་དང་བལ་པོ་གྲུ་ཞ་གསུམ་དུ་བྱོན། །ཆོས་སྨན་སྒྲུབ་པའི་ངན་སྔགས་མཐར་ཐུག་བཙལ། །ཅུང་ཙམ་དྲེགས་པས་ཁེངས་ལོག་བུ་བཞི་བསད། །གྲོང་ཁྱེར་ཕུང་བྱས་བལ་ཡུལ་ཡམ་གླིང་དུ། །གཤེད་པར་འདོད་པས་མ་བཏོལ་གཙང་སྨད་དུ། །བཀའ་གཏེར་གཉིས་སུ་ཕྱེས་ནས་གཏེར་མ་སྦས། །བཀའ་མ་ཐུགས་ཀྱི་སྲས་བཞི་དག་དང་ནི། །གཙང་སྟོན་སློབ་མ་རིན་ཆེན་གསུམ་ལ་བཤད། །དེ་ཡིས་མི་འབྱུང་དེ་ཡིས་ཤཱཀ་འབྱུང་དང་། །དེ་ཡིས་བཀའ་བཞི་དེ་ཡིས་གདུང་བརྒྱད་ལ། །ཟུར་གྱིས་སྟོང་ཚབ་ལའང་ཐུག་པ་ཡིན། །སྙན་རྒྱུད་ཐོར་བུ་ཆད་པ་ཤིན་ཏུ་མང་། །གྲོལ་སྙིང་ཞང་དང་གསུམ་ནས་བརྒྱུད་པ་ལ། །ཐུགས་ཀྱི་སྲས་བརྒྱད་དཔའ་བཞི་ཡེ་ཤེས་བཞི། །བླ་ཆེན་དགོས་པ་གསལ་ནས་བརྒྱུད་པའམ། །པདྨ་སྣ་ལམ་དག་ལ་བརྒྱུད་པའམ། །བཻ་རོ་ཙ་ནས་གཡུ་སྒྲ་དག་ལའམ། །བི་མ་ལ་ནས་མྱང་ལ་བརྒྱུད་པའམ། །ཨ་རོ་ཡེ་ཤེས་དག་ནས་བརྒྱུད་པའམ། །དེ་སོགས་མང་སྟེ་བརྒྱུད་པ་ཆོས་བཟང་འཛིན། །དེ་ནས་ཡོངས་སུ་རྫོགས་པའི་བསྐོར་ཞེས་པ། །བཻ་རོ་ཙ་ནའི་བརྒྱུད་པ་གོང་འོག་སྟེ། །གོང་མ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ། །བླ་གཏེར་དང་ནི་དགོངས་བཤད་གཉིས་སུ་གསུངས། །བར་མ་གཡུ་སྒྲ་དག་ལ་གནང་བ་ཡིན། །འོག་མ་སངས་རྒྱས་མགོན་པོ་དཔལ་ལའོ། །གཞན་ཡང་རྫོགས་བསྐོར་མ་གཏོགས་ཕྱི་འགྱུར་རྣམས། །བི་མ་ལ་ཡིས་བོད་དུ་སྤྱན་དྲངས་ཏེ། །གབ་བསྐོར་མ་གཏོགས་ཕྱི་འགྱུར་ཐམས་བཅད་ནི། །རྒྱལ་མོ་གཡུ་སྒྲ་ཉིད་ལ་བཤད་པ་ཡིན། །དེ་ཡི་སློབ་མ་གསལ་རབ་གསལ་གྲུབ་ཀྱིས། །ཚ་བ་རོང་དང་བོད་དུ་རྒྱས་པར་གྲགས། །གབ་པའི་བསྐོར་རྣམས་བི་མ་ལ་ཡིས་སུ། །ཡར་ལ་གཤེགས་ཁར་གཏེརདུ་སྦས་པ་ཡིན། །སྐེ་ཚང་བསྐོར་རྣམས་མྱང་གིས་ཞྭ་རུ་སྦས། །བང་མཛོད་བསྐོར་རྣམས་སངས་རྒྱས་ཡེ་ཤེས་ཀྱིས། །བསམ་ཡས་དབུ་རྩེ་ཆེན་མོར་སྦས་པ་སྟེ། །ཡོངས་སུ་རྫོགས་པའི་བསྐོར་རྣམས་དེ་ལྟར་ཡིན། །ཞེས་བཤད་པས། ཞེས་པ་རྣམས་དྲངས་འདུག་གོ།

     ཞེས་གོ་མུ་ཏིག་གམ་ཨོ་རྒྱན་བསྟན་འཛིན་གྱིས། སྤྱི་ལོ་ ༢༠༢༢/༠༤/༠༨ ཉིན་མཇུག་གྲུབ་པར་བགྱིས་པའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།