རྡོ་སྦིས་ཟླ་བ་ཚེ་རིང། དཔེ་སྟོན་སློབ་གྲྭའི་དགེ་རྒན།
ཡོང་ཁུངས།: རྩོམ་པ་པོའི་སྒེར་གྱི་དྲྭ་ཚིགས།
![]() |
| དཔེ་སྟོན་སློབ་གྲྭའི་དགེ་རྒན། རྡོ་སྦིས་ཟླ་བ་ཚེ་རིང། |
སྔོན་དུ་གླེང་བའི་གཏམ།
སྤྱིར་གནའ་དེང་གཉིས་ཀྱི་སློབ་ཁྲིད་ཐབས་ལམ་ལ་དགོས་དམིགས་དང་། གནས་ལུགས་གང་མང་ཞིག་གི་རྒྱབ་ལྗོངས་ངེས་ཅན་རེ་ཡོད་པས། འདི་ཡག་དང་དེ་བཙོག་གི་རིན་ཐང་འཇལ་བྱེད་ཀྱི་གཏན་འཁེལ་རང་བཞིན་གྱི་རྒྱ་མ་ཞིག་མེད་པས་ན། གཙོ་བོ་སློབ་ཕྲུག་གི་ཁམས་དང་མོས་པ་ལ་དམིགས་ཏེ་སློབ་ཁྲིད་ཐབས་ལམ་བེད་སྤྱོད་རྒྱུ་ནི། དགེ་རྒན་ཞིག་ཡིན་པའི་ཆ་ནས་ཤེས་དགོས་པའི་གནད་དོན་དང་པོ་དེ་རེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ནད་རིགས་འདྲ་མིན་ལ་སྨན་རྫས་སྣ་གཅིག་གིས་རྔོ་མི་ཐོགས་པའི་རྒྱུན་ཤེས་འདིས། སློབ་ཕྲུག་འདྲ་མིན་ལ་ཐབས་ལམ་ཆིག་རྐྱང་ཅན་གྱིས་ཕན་མི་ཐོགས་པ་མཁྱེན་དགོས་ངེས་རེད། དེ་བཞིན་དུ་སྤྱི་སེམས་ཅན་གྱི་དགེ་རྒན་ཞིག་ཡིན་ཚེ། ཁོའི་ལས་འགན་ནི་གནའ་དང་དེང་ཟེར་ནས་སློབ་གསོ་ཕྱོགས་རིས་ཅན་གྱི་རྗེས་སུ་འབྲངས་ཏེ། གང་ཟག་ཕུང་གསུམ་པ་ཞིག་བྱ་རྒྱུ་དེ་མ་ཡིན་པར། གཙོ་བོ་སློབ་ཕྲུག་གི་རྒྱུད་ཀྱི་ཤེས་ཡོན་དང་བཟང་སྤྱོད། བསམ་བློ་དང་ཤེས་རྒྱ། ནུས་པ་དང་འཇོན་ཐང་། བཅས་ཀྱི་ཚོར་ཤེས་སྔོག་འདོན་གྱི་ཆེད། གནའ་དེང་ཟུང་འབྲེལ་གྱི་ཐབས་ལམ་དེ་ཞི་དྲག་གཉིས་ལྡན། འཇམ་རྩུབ་ཟུང་འབྲེལ། མངོན་ལྐོག་དབྱེ་མེད་ཀྱི་དྲང་བདེན་སྤྱད་དེ། རང་ཉིད་ཀྱི་ལས་འགན་ལ་ངོ་གནོངས་མི་དགོས་པ་ཞིག་བྱ་ངེས། གང་ཡིན་ཟེར་ན། དགེ་རྒན་ཚོ་ནི་མི་རིགས་ཤིག་གི་བདེ་སྡུག་ལ་འགྱུར་བཅོས་གཏོང་མཁན་གྱི་ཆེད་ལས་པ་དེ་ཡིན་པས། དགེ་རྒན་ཚོ་ནི་མི་རིགས་ཤིག་གི་རྨོངས་པའི་མུན་པ་ལས་བསལ་མཁན་གྱི་སྒྲོན་མེ་དེ་ཡིན་པས། དགེ་རྒན་ཚོ་ནི་མི་རིགས་ཤིག་གི་སོན་རྩ་ཚོའི་མདུན་ལམ་སྟོན་མཁན་གྱི་ལམ་ཁྲིད་དེ་ཡིན་པས་ན། དགེ་རྒན་ཚོས་ཀྱང་རང་ངོ་རང་ཟིན་གྱིས་ངང་ནས། རང་ཉིད་ཀྱི་ལས་འཁུར་འདི་ལ་བརྩི་མཐོང་དང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་རྒྱུ་ནི། མི་རིགས་འདིས་དགེ་རྒན་ཚོར་བཅངས་པའི་རེ་བ་ཡིན་ཟེར་བའི་བསམ་བློ་སྔོན་དུ་སོང་བའོ།།
དང་པོ། རྩོམ་ཡིག་མ་ཁྲིད་སྔོན་གྱི་སྒྲུབ་དགོས་པའི་ཆ་རྐྱེན་འགའ།
སྤྱིར་དགེ་རྒན་ཞིག་ཡིན་པའི་ཆ་ནས། སློབ་ཁྲིད་ལ་གྲ་སྒྲིག་སྤུས་དག་ཅིག་བྱ་རྒྱུ་ནི་དེའི་གཡོལ་དུ་མེད་པའི་ལས་ཁུར་ཡིན་པས། རླབས་ཆེན་གྱི་དགེ་རྒན་ཚོས་གནང་དང་གནང་བཞིན་ཡིན་པ་སྨྲོས་མ་དགོས་མོད། འོན་ཏེ། རྩོམ་ཡིག་སློབ་ཁྲིད་ནི་སློབ་ཚན་གཞན་དག་དང་ཅུང་མི་འདྲ་བས། དམིགས་བསལ་གྱིས་དོ་སྣང་ཞིག་གནང་དགོས་ཏེ། རྩོམ་ཡིག་སློབ་ཁྲིད་ནི་འཆད་སྟེགས་སྒང་དུ་རྩོམ་ཡིག་དེའི་འགོ་ནས་མཇུག་བར་གྱི་དོན་རྐྱེན་རྣམས། གནའ་གཏམ་བཞིན་སློབ་ཕྲུག་གི་རྒྱུད་ལ་བཞག་པ་ཙམ་གྱིས་རྩོམ་ཡིག་ཁྲིད་པའི་དགོས་པ་འགྲུབ་ཐུབ་མེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྩོམ་ཡིག་སློབ་ཁྲིད་བརྒྱུད་དེ་སློབ་ཕྲུག་གི་བསམ་བློའི་རིག་པ་དང་། འཚོལ་དཔྱོད་རིག་པ། བསམ་གཞིག་རིག་པ་དང་མྱོང་ཚོར་རིག་པ། དགག་གཞག་རིག་པ་དང་དོགས་འདྲི་རིག་པ་སོགས་ཀྱི་བློ་སྒོ་འབྱེད་དགོས་པས་ན། དགེ་རྒན་གྱིས་གྲ་སྒྲིག་བྱ་དགོས་པའང་དེ་ལས་མང་བས། སློབ་ཚན་གཞན་དག་དང་མི་འདྲ་ཟེར་དོན་ཡང་དེ་ན་ཡོད་པས། གཤམ་དུ་རེ་རེ་བཞིན་བགྲང་བར་བྱའོ།།
༡. གང་ལ་ཁྲིད་པ། ༢. ཅི་ཞིག་ཁྲིད་པ། ༣. ཇི་ལྟར་ཁྲིད་པ། ༤. ཅིའི་ཕྱིར་ཁྲིད་པ། ཟེར་བའི་སློབ་ཁྲིད་ཀྱི་རྩ་དོན་བཞི་གཞི་ལ་བཞག་སྟེ། བསམ་བློའི་སྒྲོམ་གཞི་ཞིག་ཡིག་ཐོག་ཏུ་ཕབ་དགོས་པར་མ་ཟད། ཡང་ནས་ཡང་དུ་བསམ་གཞིག་དང་བསྐྱར་ལྟ་བྱས་ཏེ། སང་ཉིན་ཁྲིད་སྟེགས་སྒང་དུ་ཤར་མར་འགྲོ་ཐུབ་པ་ཞིག་བྱ་དགོས། དཔེར་ན།
དང་པོ་གང་ལ་ཁྲིད་པ། དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁྲིད་སའི་ཡུལ་དེའི་སློབ་ཕྲུག་གི་བསམ་བློའི་འཇོན་ནུས་དང་འདོད་མོས་ཁ་ཕྱོགས་སོགས་ཀྱིས་སློབ་ཕྲུག་ཚོར་རྒྱུས་མངའ་གཏིང་ཟབ་མོ་ཞིག་རྙེད་དགོས་པ་དེ་རྩོམ་ཡིག་མ་ཁྲིད་སྔོན་གྱི་སྒྲུབ་དགོས་པའི་ལས་ཀ་དང་པོ་དེ་རེད་ལ། ཁྱེད་ཀྱི་སློབ་ཁྲིད་དེ་སྤུས་ཚད་ཡག་པོ་དང་ལས་སླ་བོ་ཡོང་བའི་ལམ་ཁ་དང་པོ་ཡང་དེ་རེད།
གཉིས་པ་ཅི་ཞིག་ཁྲིད་པ། སློབ་ཕྲུག་གི་ཤེས་ནུས་དང་བསྟུན་ཏེ་རྩོམ་ཡིག་གདམ་སྒྲིག་བྱ་དགོས། དཔེར་ན། འཛིན་རིམ་བཅུ་བའི་རྩོམ་ཡིག་ཅིག་འཛིན་རིམ་ལྔ་བར་ཁྲིད་ན་གོ་དཀའ་བ་དང་འཛིན་རིམ་ལྔ་བའི་རྩོམ་ཡིག་ཅིག་འཛིན་རིམ་བཅུ་བར་ཁྲིད་ཚེ་རིན་ཐང་མེད་པ་ཇི་བཞིན་སློབ་ཕྲུག་གི་གནས་བབ་དང་འཇོན་ཚོད་ལ་དཔག་སྟེ་རྩོམ་ཡིག་གདམ་གསེས་ལ་མཁས་དགོས།
གསུམ་པ་ཇི་ལྟར་ཁྲིད་པ། རང་ཉིད་ཀྱིས་གདམ་ཟིན་པའི་རྩོམ་ཡིག་དེའི་འགོ་མཇུག་བར་གསུམ་ལ་རྟོག་ཞིབ་ནན་ཏན་བྱས་ཏེ་ཐོ་འགོ་བྱ་བའི་གྲ་སྒྲིག་གནང་དགོས། དཔེར་ན།
- རྩོམ་ཡིག་གི་ནང་དོན་གཙོ་བོ་ཁག་འབྲི་དགོས།
- རྩོམ་ཡིག་ནང་གི་བསླབ་བྱ་ཟུར་འདོན་བྱ་དགོས།
- རྩོམ་ཡིག་གི་རྒྱབ་ལྗོངས་འཚོལ་དགོས།
- རྩོམ་པ་པོས་སྤྱི་ཚོགས་ཀྱི་འགན་ཁུར་དང་གནས་བབ། སློབ་གསོ་དང་རིག་གཞུང་། མི་རིགས་རང་ལུགས་ཀྱི་ཞེན་ཁོག་གི་སྐད་ཆ་གང་ཡོད་ཟུར་འདོན་གྱིས་ཟིན་བྲིས་སུ་ཕབ་དགོས།
- གོ་དཀའ་བའི་ཚིག་ལ་འགྲེལ་བཤད་འབྲི་དགོས།
- རྩོམ་ཡིག་ལ་དྲི་བ་ཁག་གཉིས་བཟོ་དགོས། ༡ རྩོམ་ཡིག་གི་ནང་དོན་ལྟར་དྲི་བ་བཟོ་དགོས། ༢ བསམ་གཞིག་གམ་རྒྱབ་ལྗོངས་འཚོལ་བའི་དྲི་བ་བཟོ་དགོས།
- རྩོམ་ཡིག་གི་ནང་དོན་གོ་སླ་བའི་ཆེད་ཁྲིད་ཆས་པར་དང་རི་མོ། དངོས་པོ། རྩོམ་ཡིག་གི་ནང་དོན་དང་འབྲེལ་བ་ཡོད་པའི་བརྙན་ཐུང་དང་མི་སྣའི་དངོས་པར་སོགས་གྲ་སྒྲིག་བྱ་ཐུབ་ན་རབ་ཡིན།
བཞི་པ་ཅིའི་ཕྱིར་ཁྲིད་པ། རྩོམ་ཡིག་འདིའི་སློབ་ཁྲིད་འདི་བརྒྱུད་ནས་འགྲུབ་དགོས་པའི་དམིགས་ཡུལ་འགའ་ཡོད་དེ།
༡. སློབ་ཕྲུག་ཚོས་རྩོམ་ཡིག་འདིའི་ཚིག་དོན་ཡར་ཆད་དང་ནང་དོན་ཞིབ་གསལ་རྟོགས་པའི་དམིགས་ཡུལ་གྱི་ཆེད་དུ་རྩོམ་ཡིག་འདི་ཁྲིད་དགོས།
༢. སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་བ་དང་ཀློག་པར་དགའ་མོས་ཡོང་བའི་ཆེད་དང། ལྷག་དོན་བོད་ཀྱི་སྐད་དང་རིག་གཞུང་ལ་ཞེན་ཁོག་ཡོང་བའི་དམིགས་ཡུལ་གྱི་ཆེད་དུ་རྩོམ་ཡིག་འདི་ཁྲིད་དགོས།
༣. སློབ་ཕྲུག་ཚོའི་བསམ་བློ་དང་ཀུན་སྤྱོད་ལ་ཡར་རྒྱས་ཡོང་བའི་དམིགས་ཡུལ་གྱི་ཆེད་རྩོམ་ཡིག་འདི་ཁྲིད་དགོས།
ཞེས་གོང་གི་དོན་ཚན་འདི་དག་ཇི་བཞིན་གྱིས་གྲ་སྒྲིག་གནང་སྟེ་ལག་བསྟར་བྱ་ཐུབ་ཚེ། རྩོམ་ཡིག་ཇི་འདྲ་ཞིག་གདམ་རུང་སློབ་ཁྲིད་བྱ་བདེ་བོ་དང་། གང་ཁྲིད་པ་དེ་སློབ་ཕྲུག་གི་སེམས་རྒྱུད་དུ་ལས་སླ་བོ་སྒོ་ནས་འཇོག་ཐུབ་པའི་ཁེ་ཕན་ཆེ་བར་མ་ཟད། རང་གཞན་ཀུན་གྱི་ཆུ་ཚོད་དེ་དོན་སྙིང་ལྡན་པ་དང་། སློབ་ཕྲུག་ཚོ་ཡང་ཚོགས་ཐེངས་འདི་ལ་སྤྲོ་བོ་དང་དགའ་མོས་ཡོང་བའི་ཐབས་ལམ་ཡག་ཤོས་དེ་ཡིན་ནོ།།
གཉིས་པ། རྩོམ་ཡིག་ཁྲིད་སྐབས་ཀྱི་གཟབ་དགོས་པའི་དོན་གནད་འགའ།
དེ་ཡང་འཛིན་རིམ་ལྔ་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚོར། དེང་སྐབས་བོད་ཀྱི་སློབ་གྲྭའི་ཁྲིད་སྟེགས་ན་རྒྱུགས་ཆེ་བའི། ཇི་བཞིན་བརྗོད་རྩོམ་དང་གསལ་བཤད་རྩོམ་ཡིག་སོགས་ལ་ཚང་དགོས་པའི་ཆ་རྐྱེན་ནམ་སྒྲིག་གཞི་ངེས་པར་དུ་སྲུང་དགོས་པའི་གུ་དོག་གི་སློབ་ཁྲིད་མི་བྱ་བར། གཙོ་བོ་ཚིག་གི་སྡེབ་སྦྱོར་གྱི་སྒྱུ་རྩལ་དང་། ཚིག་གི་ཉམས་འགྱུར་སྟོན་སྟངས་རྩལ་དུ་བཟུང་སྟེ། སློབ་ཁྲིད་བྱ་བར་འབད་བརྩོན་བྱ་དགོས། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྒྲིག་གཞི་དེ་དག་ཡོད་ན་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ལ་མཚོན་ན། ཁྲིད་བདེ་བོ་དང་སླ་བོ་ཡོང་གི་རེད་མོད། རྩོམ་འབྲི་མཁན་གྱི་སློབ་ཕྲུག་ལ་མཚོན་ན། བསམ་བློ་རྒྱ་བསྐྱེད་ཀྱི་བཀག་རྒྱ་རུ་འགྲོ་ངེས་ཏེ། འདི་ལྟར་བྲིས་ནའང་མི་འགྲིག་པ་ཞིག་ཚོར་གྱི་ཡོད་པ་དང་། གང་ལྟར་བྲིས་ནའང་ཚང་མེད་པའི་སེམས་བྱུང་ཞིག་གིས། བསམ་བློ་འགུལ་སྐྱོད་ཀྱི་ལམ་ཁ་འགག་འགྲོ་བར་ཉེན་ཁ་ཡོད། མ་ཟད་སྒྲིག་གཞི་དེ་དག་གཞིར་བཟུང་ནས་བྲིས་ཚེ། སློབ་ཕྲུག་ལྔ་བཅུས་བྲིས་རུང་བསམ་བློ་མི་གཅིག་གི་བསམ་ཚུལ་ལྟར། རྩོམ་ཡིག་གི་ནང་དོན་དང་ཚིག་སྦྱོར་ཧ་ལམ་གཅིག་པ་ཆགས་པའི་ལམ་ཁ་ཞིག་ཡོད་པས་རེད། རྒྱུ་མཚན་དེ་བས་སྒྲིག་གཞི་དེ་དག་ཕལ་པ་རུ་བཞག་སྟེ། ཚིག་གི་སྡེབ་སྦྱོར་དང་ཉམས་འགྱུར་སྟོན་སྟངས་གཙོ་བོ་བཟུང་ནས་སློབ་ཁྲིད་གནང་ཐུབ་ན། ཁེ་ཕན་ཆེ་བས་གཤམ་དུ་རིམ་པ་བཞིན་གླེང་བར་བྱའོ།།
༡། རྗོད་བྱེད་ཀྱི་སྐད་ཆ་ལ་ཉམས་དགོས་པ། མི་གང་འདྲ་ཞིག་ཡིན་རུང་ཉམས་འགྱུར་ལྡན་པའི་སྐད་ཆ་བཤད་སྟངས་ལ་དགའ་བོ་ཡོད་པ་ཇི་བཞིན། སློབ་ཕྲུག་ཚོའང་དེ་ལས་མ་འདས་པས། དགེ་རྒན་གྱི་འཆད་སྟངས་གསོན་ཉམས་ལྡན་པ་དང་ཉམས་འགྱུར་འཛོམས་ཚེ། སློབ་ཕྲུག་ཚོའི་སེམས་ཀྱི་ཤེས་པ་རྩོམ་ཡིག་ཏུ་འགུག་པར་ཁེ་ཕན་ཆེ་བས། སྐད་ཆའི་ཉམས་འགྱུར་གཙོ་བོར་འཛིན་དགོས།
༢། ལུས་སེམས་གཉིས་ལ་ཉམས་འགྱུར་དགོས་པ། དགའ་བའི་འཛུམ་དང་སྤྲོ་བའི་སེམས་ཀྱི་སྒོ་ནས། རྩོམ་ཡིག་གི་ཚིག་སྦྱོར་གྱི་ཚིག་ཉམས་དེ་དག་དགེ་རྒན་གྱི་ལུས་པོའི་རྣམ་འགྱུར་ལས། སློབ་ཕྲུག་ཚོར་སྟོན་པའི་འབད་བརྩོན་བྱ་དགོས་པས་ན། དགེ་རྒན་ནི་འཁྲབ་སྟོན་པ་ཞིག་ཡིན་ཟེར་བ་ལྟར། ལུས་ཀྱི་ཉམས་འགྱུར་ཧ་ཅང་གལ་ཆེ་བ་དང་། དགེ་རྒན་གྱི་ལུས་ལ་ཉམས་འགྱུར་ལྡན་ན། སློབ་ཕྲུག་གི་མིག་ཟུང་དེ་འཕྲོག་པའི་ནུས་པ་ཡོད་པས། རྩོམ་ཡིག་ཁྲིད་མཁན་གྱི་དགེ་རྒན་ཞིག་ལ་འཛོམས་དགོས་པའི་ཁྱད་ཆོས་ཡིན།
༣། དོན་དངོས་གནད་ལ་འཁེལ་དགོས་པ། རྩོམ་ཡིག་ཁྲིད་སྐབས་གང་བཤད་པའི་སྐད་ཆ་དེ། བརྗོད་བྱའི་གནད་ལ་འཁེལ་དགོས་པར་མ་ཟད། བཤད་པའི་སྐད་ཆ་གོ་རིམ་ལྡན་ཞིང་སྨྲ་ལྕེ་དག་པའི་སྒོ་ནས་དོན་འགྲེལ་གྱི་གནད་ལ་འཁེལ་དགོས། དཔེར་ན། རྩོམ་འགོ་ཇི་ལྟར་བཙུགས་ཡོད་པ་དང་། བརྗོད་བྱ་ཇི་ལྟར་གསལ་འབྲི་བྱས་ཡོད་པ། རྩོམ་མཇུག་ཇི་ལྟར་སེམས་མགུལ་རང་བཞིན་གྱིས་བསྡུས་ཡོད་མེད་སོགས། གོ་སླ་བའི་སྒོ་ནས་འཆད་དགོས།
༤། ཚིག་ཉམས་གཙོ་བཟུང་གིས་ཁྲིད་དགོས། རྩོམ་ཡིག་གི་བཟང་ངན་ཚིག་གིས་ཉམས་འགྱུར་སྟོན་སྟངས་ལ་རག་ལས་པས་ན། དགེ་རྒན་ཚོས་ཚིག་གི་ཉམས་འགྱུར་དང་ཁྱད་ཚིག་གི་སྦྱོར་ཐབས། བྱ་ཚིག་གི་ནུས་པ་སོགས་དམིགས་སུ་བཀར་ཏེ། སློབ་ཕྲུག་ཚོའི་སེམས་རྒྱུད་ལ་བླུག་ཐབས་བྱ་དགོས།
༥། མི་སྣའི་བསམ་བློ་སྔོག་འདོན་བྱ་དགོས། རྩོམ་ཡིག་ནང་གི་མི་སྣའི་བྱ་སྤྱོད་དང་གཤིས་ཀ་བལྟས་ནས། མི་སྣ་དེའི་བསམ་བློའི་ཁ་ཕྱོགས་དང་སེམས་ཁམས་ཀྱི་འདོད་ཕྱོགས་བརྒྱུད་དེ། རྩོམ་པ་པོས་བཤད་འདོད་པའི་སྐད་ཆ་བསྔོགས་འདོན་བྱས་ཏེ། སློབ་ཕྲུག་གི་རྒྱུད་ལ་དོགས་འདྲིའི་ཚུལ་དུ་འཇོག་དགོས།
༦། སློབ་གསོའི་ཆ་ཐེར་འདོན་བྱ་དགོས། རྩོམ་ཡིག་ནང་གི་སློབ་གསོའི་རང་བཞིན་དེ། མི་སྣའི་ཡ་རབས་བཟང་སྤྱོད་དང་བྱམས་སྐྱོང་གི་བརྩེ་བ། བཀའ་དྲིན་དྲན་སྟངས་དང་གྲོགས་པོའི་འདུ་ཤེས། གཞན་ཕན་ཁྱེར་སྟངས་དང་དགེ་སེམས་བྱེད་སྟངས། ཡང་ན། བརྩོན་འགྲུས་སམ་དཀའ་ལས་བསྐྱོན་སྟངས་དང་། འབད་བརྩོན་བྱེད་ཚུལ། ད་དུང་རིགས་ཀྱི་ཞེན་ཁོག་དང་སྐད་ཡིག་གི་ལ་རྒྱ་འཛིན་སྟངས། ལྟ་བུ་སོགས་ཀྱི་སློབ་གསོ་ཡི་ཆ་ཡོད་ཚེ། སློབ་ཕྲུག་གི་སེམས་སུ་གསོན་པོར་འཇོག་ཐབས་བྱ་དགོས། འདི་ལྟ་བུའི་སློབ་གསོ་བརྒྱུད་ནས་སློབ་ཕྲུག་ཚོ་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་རྣལ་མ་ཞིག་ཆགས་པར་རྔོ་ཐོགས་ཆེ།
༧། ཞིབ་ཚགས་དང་གོ་སླ་དགོས། རྩོམ་ཡིག་གི་དོན་འགྲེལ་སྐབས་བསམ་གཞིག་དང་དབྱེ་ཞིབ་ཀྱིས་ཞིབ་ཚགས་པོ་དང་གོ་སླ་བའི་ཐབས་ལམ་སྤྱད་དགོས། ཇི་ལྟར་གོ་སླ་བ་དང་ཞིབ་ཚགས་པོ་ཡོད་ན། སློབ་ཕྲུག་གི་སེམས་སུ་དགེ་རྒན་གྱི་སྐད་ཆ་གསོན་ཉམས་ལྡན་པ་ཡིན་པས། ཁོང་ཚོ་སྤྲོ་བ་དང་འདོད་པ་སྐྱེ་ངེས་ཡིན།
༨། རྩོམ་ཡིག་ཁྲིད་སྐབས་གཟབ་དགོས་པའི་སྐྱོན་ཆ་འགའ།
༡. རྩོམ་ཡིག་གི་ནང་དོན་གནའ་གཏམ་ཇི་བཞིན་འཆད་ན་སྐྱོན་ཡིན།༢. ཚིག་ཉམས་དང་ཁྱད་ཚིག་ལ་ཞིབ་འགྲེལ་མེད་ན་སྐྱོན་ཡིན།༣. ལུས་ཉམས་དང་སྨྲ་ལྕེ་མི་དག་ན་སྐྱོན་ཡིན།༤. བརྗོད་བྱ་དང་འབྲེལ་མེད་དོན་གཞན་གླེང་ན་སྐྱོན་ཡིན།༥. བསམ་གཞིག་གམ་དབྱེ་ཞིབ་ཀྱི་དྲི་བ་མེད་ན་སྐྱོན་ཡིན།༦. རྩོམ་ཡིག་གི་ནང་དོན་བསྡོམས་ཚིག་བརྒྱབ་སྟེ་ཐེ་ཚོམ་གྱི་ས་བོན་མེད་ན་སྐྱོན་ཡིན།
ཞེས་པའི་དོན་ཚན་འདི་དག་ནི། རྩོམ་ཡིག་ཁྲིད་སྐབས་འབྱུང་སླ་བའི་གནད་དོན་ཡིན་པས། རླབས་ཆེན་གྱི་དགེ་རྒན་ཚོས་གཟབ་པར་འཚལ་ལོ།།
གསུམ་པ། རྩོམ་ཡིག་ཁྲིད་རྗེས་ཀྱི་ལག་བསྟར་གནང་དགོས་པའི་གནད་དོན་འགའ།
སྤྱིར་དགེ་རྒན་གྱི་དུས་ཚོད་མང་ཆེ་བ་ནི། སློབ་ཕྲུག་ཚོའི་ཤེས་ཡོན་དང་ཁྲིད་གཞིའི་སློབ་ཚན་གྱི་སྟེང་ན། ལ་ཁའི་ཉི་མ་བཞིན་རྗོགས་ནས་འགྲོ་ཡི་ཡོད་ནའང། རྩོམ་ཡིག་ཁྲིད་མཁན་གྱི་དགེ་རྒན་ཚོས་དེ་ལས་དུས་ཚོད་མང་ཙམ་ཞིག་དང་། འཆར་གཞི་གཏིང་རིང་པོ་ཞིག་འདིང་དགོས་པ་ཇི་བཞིན་དུ། རྩོམ་ཡིག་སློབ་ཚན་འདི་ནི་སློབ་ཚན་གཞན་དག་དང་མི་འདྲ་སྟེ། སློབ་ཚན་གཞན་དག་ནི་ཁྲིད་ཚར་རྗེས་དྲི་བ་འགའ་ལ་སྐྱབས་བཅོལ་ཏེ། ལས་འགན་རྫོགས་སུ་བཅུག་ན་འགྲིག་གི་ཡོད་མོད། འོན་ཏེ། རྩོམ་ཡིག་སློབ་ཚན་ལ་དེ་ལྟར་བྱས་ན་མི་འགྲིག་སྟེ། རྩོམ་ཡིག་ཁྲིད་ཚར་རྗེས་ད་དུང་རྩ་ཆེན་གྱི་ལས་ཀ་མང་པོ་ཞིག་གམ། སློབ་མའི་བློ་སྒོ་འབྱེད་པའི་ལྡེ་མིག་ལྷག་བསྡད་ཡོད་པས་ན། རྩོམ་ཡིག་ཁྲིད་མཁན་གྱི་དགེ་རྒན་ཚོས་ངེས་པར་དུ་སློབ་ཕྲུག་ཚོའི་བསམ་བློ་དེའི་ཆེད་དུ་ལག་བསྟར་གནང་དགོས་པས། གཤམ་དུ་རེ་རེ་བཞིན་འཆད་པར་བྱའོ།
༡. བགྲོ་གླེང་བྱ་དགོས། བརྗོད་གཞི་གང་ཡིན་པ་དེ་ལ་བགྲོ་གླེང་གི་སྡིངས་ཆ་བསྐྲུན་ཏེ། དགེ་སློབ་མཉམ་ཞུགས་ཀྱིས་སོ་སོའི་མྱོང་ཚོར་དང་བསམ་ཚུལ་བཤད་དུ་བཅུག་དགོས། དཔེར་ན། མི་སྣའི་གཤིས་ཀའི་བཟང་ངན་དང་སྤྱི་ཚོགས་འཚོ་བའི་རྒྱབ་ལྗོངས། ཚིག་སྦྱོར་གྱི་སྒྱུ་རྩལ་དང་རྩོམ་ཡིག་གི་རིན་ཐང། སློབ་གསོ་ཡི་གནས་བབ་དང་རིག་གཞུང་གི་འགན་ཁུར། ད་དུང་རྩོམ་པ་པོའི་བསམ་བློའི་བཟང་ཆ་དང་། རྩོམ་པ་པོའི་བསམ་བློའི་ངན་ཆ་ཡང་གླེང་ན་ཆོག
༢. འཆད་སྟེགས་བསྐྲུན་དགོས། སློབ་ཕྲུག་ཚོར་རྩོམ་ཡིག་ཁྲིད་རྗེས་ཀྱི་མྱོང་ཚོར་བཤད་དུ་བཅུག་དགོས། དཔེར་ན། རྩོམ་ཡིག་ཁྲིད་རྗེས་དགའ་སྐྱོ་ཆགས་སྡང་གི་ཚོར་བ། བསམ་བློ་ཡར་རྒྱས་ཀྱི་ཚོར་བ། སེམས་ཤུགས་འཕེལ་བའི་ཚོར་བ། རིགས་ཞེན་གྱི་ཚོར་བ་སོགས་གང་འདོད་དུ་གླེང་དུ་བཅུག་དགོས།
༣. དྲི་བའི་སྡིངས་ཆ་བཟོ་དགོས། སློབ་ཕྲུག་ནང་ཁུལ་སྡེ་ཚན་བཟོས་ཏེ། དྲི་བའི་སྒོ་ནས་རྩོམ་ཡིག་གི་ནང་དོན་རྟོགས་ཡོད་མེད་བརྟག་དཔྱད་བྱ་དགོས། དཔེར་ན། རྩོམ་ཡིག་གི་ནང་དོན་གྱི་སྐོར། སེམས་འགུལ་ཐེབས་པའི་ཚིག་ཉམས་ཀྱི་སྐོར། རྩོམ་པ་པོའི་བསམ་བློའམ་རྩོམ་ཡིག་གི་རྒྱབ་ལྗོངས་ཀྱི་སྐོར། དྲི་བའི་སྒོ་ནས་བརྟག་དཔྱད་བྱ་དགོས།
༤. མྱོང་ཚོར་འབྲི་རྩོམ་གྱི་སྡིངས་ཆ་བཟོ་དགོས། རྩོམ་ཡིག་ཁྲིད་རྗེས་སློབ་ཕྲུག་ཚོར་མྱོང་ཚོར་འབྲི་རུ་བཅུག་དགོས། བྲིས་པའི་རྩོམ་ཡིག་རྣམས་འཛིན་གྲྭའི་སྦྱར་པང་ངོས་སུ་སྦྱར་ཏེ། དགེ་རྒན་གྱིས་བཟང་བསྟོད་ཀྱི་བྱ་འགུལ་སྤེལ་ཏེ་སློབ་ཕྲུག་ཚོར་སེམས་ཤུགས་སྤར་དགོས།
༥. མི་སྣའི་གཏམ་བརྗོད་འཁྲབ་སའི་གར་སྟེགས་བསྐྲུན་དགོས། རྩོམ་ཡིག་ནང་གི་མི་སྣའི་གཤིས་ཀ་དང་ཚིག་ཉམས་ཀྱི་ཉམས་འགྱུར། སྐད་ཆའི་སྒྱུ་རྩལ་རྣམས་སློབ་ཕྲུག་ཚོར་འཁྲབ་ཏུ་བཅུག་དགོས། དཔེར་ན། སློབ་ཕྲུག་ཀ་བ། ཁྱོད་རྩོམ་ཡིག་ནང་གི་མི་སྣ་དོན་འགྲུབ་ཀྱི་སྐད་ཆའི་སྒྱུ་རྩལ་དེ་ལབ་བཟློས་བྱེད་རོགས། ལྟ་བུའོ།།
གོང་གི་བྱེད་ཐབས་འདི་དག་ནི། སློབ་ཕྲུག་ཚོས་རྩོམ་ཡིག་ཤེས་ཡོད་མེད་ཀྱི་བརྟག་ཐབས་སམ་ཉམས་ཞིབ་བྱེད་སྟངས་ཡིན་པར་མ་ཟད། སློབ་ཕྲུག་ཚོས་རྩོམ་ཡིག་སྦྱངས་པར་འདོད་པ་བསླངས་པའི་ཐབས་ལམ་ཉག་གཅིག་དེ་ཡིན་པས། རྩོམ་རིག་དགེ་རྒན་ཚོས་ངེས་པར་དུ་ལག་བསྟར་གནང་དགོས་པར་མཐོང་ངོ་།།
བཞི་པ། འབྲི་རྩོམ་གྱི་ནང་ལས་བཀོད་སྟངས།
བོད་ཀྱི་སློབ་གྲྭ་ཁག་ཏུ་རྩོམ་ཡིག་གི་ནང་ལས་སྤྲོད་སྐབས། རྩོམ་བྱང་ཞིག་བྲིས་ཏེ་འདིའི་ཐོག་ཏུ་རྩོམ་ཡིག་ཚིག་འབྲུ་འདི་དང་འདི་ཕྲིས་ཤོག་ཟེར་ཏེ། རྩོམ་ཡིག་གི་ནང་ལས་བཀོད་སྟངས་ཀྱི་གོམས་གཤིས་ངན་པ་ཞིག་ཡོད་པས། ལམ་ཁ་འདིས་སློབ་ཕྲུག་གང་མང་ཞིག་གི་སེམས་སུ་དཀའ་ངལ་འཕྲད་དེ། རྩོམ་ཡིག་འབྲི་བའི་འདོད་པ་བརླག་ཏུ་བཅུག་གི་ཡོད་པས་ན། རྩོམ་རིག་དགེ་རྒན་ཚོས་གོམས་གཤིས་འདི་སྤང་དགོས་པར་མཐོང་། གང་ཡིན་ཞེ་ན། སློབ་ཕྲུག་ལ་རིགས་འདྲ་མིན་ཞིག་ཡོད་དུས། ཁ་ཤས་ཀྱིས་རྩོམ་བྱང་མིང་རྐྱང་གཅིག་གི་སྟེང་དུ་བསམ་བློའི་འཆར་གཞི་གདིང་དཀའ་བ་ཡོད་ལ། གལ་སྲིད་སློབ་ཕྲུག་གིས་བསམ་བློ་བཏིངས་ཏེ་བྲིས་པའི་རྩོམ་ཡིག་དེ་ཡང་། འགོ་སྔ་མི་ཚང་བའི་སྐྱོན་དང་བརྗོད་བྱ་ཁ་མི་གསལ་བའི་སྐྱོན་ཡོད་པས། ནང་ལས་བསྐུལ་ཡང་བསྐུལ་གོ་མ་འཁྱོལ་བའི་གནས་སྟངས་ཤིག དགེ་སློབ་གཉིས་ལ་འཕྲད་དང་འཕྲད་བཞིན་པའི་ལམ་ཁ་འདི་ལས་ལྡོག་པའི་ཐབས་ལམ་ཞིག་བསྟན་པར་བྱའོ།།
དཔེར་ན། རྩོམ་བྱང་«༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་»ཞེས་པ་ཞིག་ལ་མཚོན་ན། འདི་དང་དེ་འབྲི་དགོས་ཟེར་ནས་བཀའ་བཏང་ན། སློབ་ཕྲུག་གི་བསམ་བློ་རྐྱང་པ་ཞིག་ཡོང་མི་ཐུབ་པས། དེ་ལས་འདི་འདྲ་བྲིས་ན་ཡག་པོ་འདུག་ཟེར་ནས། བསམ་བློའི་དབང་ཆ་སློབ་ཕྲུག་རང་ལ་སྤྲད་དགོས་པས་ཐུགས་འཇགས་གནང་དགོས།
«༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན།»རྩོམ་ཡིག་ནང་དུ་དོ་སྣང་སྤྲད་དགོས་པའི་ཆ་རྐྱེན།༡། དུམ་མཚམས་དང་པོའི་ནང་དུ། ༸གོང་ས་མཆོག་གིས་བཙན་བྱོལ་མི་དམངས་ལ་མང་གཙོ་གསོ་རས་གནང་སྟངས་དང་དེའི་རྒྱབ་ལྗོངས་སྐོར་ལ་འབྲི་ཐུབ་ན་བཟང་།༢། དུམ་མཚམས་གཉིས་པའི་ནང་དུ། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་ཚུལ་དང་དེ་བཞེས་དགོས་པའི་རྒྱུ་མཚན་གྱི་སྐོར་ལ་འབྲི་ཐུབ་ན་བཟང།༣། དུམ་མཚམས་གསུམ་པའི་ནང་དུ། ༸གོང་ས་མཆོག་གིས་ཚན་རིག་དང་ནང་ཆོས་བར་ལ་བགྲོ་གླེང་གི་ཟམ་ཆེན་བཙུགས་ཏེ། བོད་ཀྱི་ནང་ཆོས་འདི་འཛམ་གླིང་ཚན་རིག་རིག་གནས་དང་དཔུང་པ་མཉམ་གཤིབ་ཀྱིས་སྐྱོད་ཐུབ་ཡོད་པའི་མཛད་རྗེས་དང་བྱ་བཞག་སྐོར་ལ་འབྲི་ཐུབ་ན་བཟང།༤། དུམ་མཚམས་བཞི་བའི་ནང་དུ། ༸གོང་ས་མཆོག་གིས་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་ཚང་མའི་ཕུགས་ཀྱི་ལྟ་བ་གཅིག་མཚུངས་ཡིན་པའི་རླབས་ཆེན་གྱི་གསར་གཏོད་བསམ་བློའི་སྐོར་ལ་འབྲི་ཐུབ་ན་བཟང།༥། དུམ་མཚམས་ལྔ་བ་སྟེ་མཐའ་མའི་ནང་དུ། སོ་སོས་༸སྤྱི་ནོར་༸གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པ་དང་། ཐུགས་ཀྱི་དགོངས་པ་ཇི་བཞིན་འགྲུབ་པར་སྨོན་ལམ་མམ་གསོལ་འདེབས་ཞུ་བའི་སྐོར་ལ་འབྲི་ཐུབ་ན་བཟང་།
ཞེས་གོང་གི་དུམ་མཚམས་འདི་བཞིན། དགེ་རྒན་ཚོས་རྩོམ་བྱང་དང་མཉམ་དུ་ནག་པང་དུ་བྲིས་ཏེ། སློབ་ཕྲུག་ཚོར་རྩོམ་ཡིག་ནང་ལས་འདི་ལྟར་བཀོད་ཐུབ་ཚེ། སློབ་ཕྲུག་ཚོའི་བསམ་བློ་རུ་གཞི་རྩ་འཛིན་སའི་ལྷུ་ལག་ཅིག་སེམས་སུ་ཤར་རྒྱུ་ཡོད་པས་ན། སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་བདེ་བོའམ་ལས་སླ་བོ་ཡོང་བར། བསམ་བློའི་རོགས་འདེགས་ཤུགས་ཆེན་སྒྲུབ་པའི་ཕན་ཐོགས་ཡོད་པ་ཇི་བཞིན། རྩོམ་རིག་དགེ་རྒན་ཚོས་བརྟག་དཔྱད་ཐེངས་གཅིག་གནང་བར་གལ་ཆེའོ།།
ལྔ་པ། སེམས་ཀྱི་སྐད་ཆ་དང་འབྲེལ་ནས་མཇུག་གི་གཏམ།
སྤྱིར་དགེ་རྒན་གྱི་ལས་ཁུར་འདི་དཀའ་སྡུག་ཆེ་བའི་ཚོད་ཀྱིས། གཞུང་དམངས་གཉིས་ཀྱི་མིག་ཟུང་ན་ལས་ཁུར་གཞན་དག་ལྟར་རིན་ཐང་ལྡན་པ་ཞིག་དང་བརྩི་འཇོག་ལྡན་པ་ཞིག་མེད་ནའང་། རླབས་ཆེན་གྱི་དགེ་རྒན་ཚོས་ད་དུང་ཡང་རང་ནུས་གང་ལྕོགས་ཀྱིས་རང་གི་མི་ཚེ་འདི་འཛིན་ཁང་གི་སྒོ་ཐེམ་བར་ན་སློབ་ཕྲུག་ཚོ་དང་མཉམ་དུ་རྫོགས་ཀྱི་ཡོད་པ་འདི་ནི། ཇི་འདྲའི་རླབས་ཆེན་ཞིང་གཟི་བརྗིད་ལྡན་པ་ཞིག་རེད་ཨང་། རྒྱུ་མཚན་དེ་བས་ངས་ཐེངས་འདིའི་གོ་སྐབས་འདི་བརྒྱུད་དེ། དགེ་རྒན་གྱི་ལས་སྣེ་རུ་ཕྱག་ལས་གནང་དང་གནང་བཞིན་པའི་མུན་པའི་སྒྲོན་མེ་རྣམས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་བ་དེ། མཇུག་གཏམ་དུ་བཤད་འདོད་པའི་སྐད་ཆ་དེའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།